གཟི་བརྗིད་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་བདེ་ཐང་ལ་སྐུལ་འདེད་བྱེད་པའི་ལས་གྲྭ་དེས་བོད་ཁུལ་ཀྱི་མི་འབོར་ཁྲི200ལ་ཁེ་ཕན་བསྐྲུན་རྒྱུ།
མིག་དམར་གྱིས་བསྒྱུར། 2013-08-08
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ8ཚེས4ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་སྨན་བཅོས་ཞབས་ཕྱི་ཚོགས་པ་གོང་ཚེས་ཉིན་གྱི་ཕྱི་དྲོར་ལྷ་སའི་ཁྲེང་ཀོན་ཆུས་སློབ་ཆུང་ཨང་གཉིས་པའི་འོས་འགན་ནད་གཞི་ཞིབ་བཤེར་སྨན་བཅོས་བྱེད་པར་མངགས་གཏོང་བྱས་ཡོད་པ་ཤེས་རྟོགས་བྱུང་རྗེས། ལོ་ན63ལ་སོན་པའི་ཚེ་རིང་ཆོས་འཛོམས་དཔལ་གླིང་སྡེ་ཁུལ་ནས་རང་ཉིད་ཀྱི་ཁྲག་ཤེད་མཐོ་བའི་ནད་རྙིང་ལ་ཆེད་དུ་ལྟ་རུ་ཡོང་། པེ་ཅིན་ཐུང་རན་སྨན་ཁང་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཀྲོའུ་ཅན་གྱིས་ཁོའི་ནད་གཞི་ལ་བརྟག་པ་མ་ཚད་ཁོར་ཡང་བསྐྱར་སྨན་འཐུང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ནན་བཤད་བྱས་པ་རེད།
ཐེངས་འདིའི་འོས་འགན་ནད་གཞི་ཞིབ་བཤེར་བྱས་པ་ནི་གོང་ཚེས་ཉིན་ལྷ་སར་འགོ་འཛུགས་པའི་གཟི་བརྗིད་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་བདེ་ཐང་ལ་སྐུལ་འདེད་བྱེད་པའི་ལས་གྲྭའི་ནང་དོན་ཞིག་ཡིན། གཟི་བརྗིད་ལས་གྲྭ་དེ་གཙོ་བོ་བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་དང་ལྗོངས་ལྔའི་ས་གནས17(གྲོང་ཁྱེར་དང་ཁུལ)གྱི་རྣམ་གྲངས21གི་རྫོང་དུ(གྲོང་ཁྱེར་དང་ཁུལ)སྤེལ་རྒྱུ་ཡིན་ཞིང་བདེ་ཐང་དེ་དུད་ཚང40000ཕྲུ་གུ་དམར་འབྱར་གྱི་ཁྱིམ་དུ་བསྐྱལ། སྔོན་རྩིས་བྱས་ན་བོད་ཁུལ་གྱི་མི་འབོར་ཁྲི200ལ་ཁེ་ཕན་བསྐྲུན་རྒྱུ་རེད།
གཟི་བརྗིད་ལས་གྲྭའི་རྣམ་གྲངས་ཀྱི་ནང་དོན་གཙོ་བོ་དེ་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ་བོད་ཁུལ་དུ་བསྐྱོད་ཅེས་པའི་འདྲི་གཅོད་འོས་འགན་ནད་གཞི་ཞིབ་བཤེར་བྱ་རྒྱུ་ཡིན་ཞིང་། གཞི་རིམ་ལས་བྱེད་པར་གསོ་སྐྱོང་སྦྱོང་བརྡར་དང་། བདེ་ཐང་ཤེས་བྱའི་སྐོར་གྱི་འཆད་ཁྲིད་བྱེད་པ་བཅས་རྩ་འཛུགས་བྱ་རྒྱུ་ཡིན་ལ། བོད་ཁུལ་གྱི་ཞིང་འབྲོག་མི་དམངས་ཀྱི་ཕྲུ་གུ་དམར་འབྱར་གྱི་ཁྱིམ་ཚང་གི་བདེ་ཐང་ལ་སྐུལ་འདེད་བྱེད་པའི་སྐྱེས་ཐུམ་མཁོ་འདོན་བྱས་ཤིང་སྦྲུམ་ཆགས་དང་ཕྲུ་གུ་སྐྱེ་བའི་དུས་ལུས་ཁམས་བདེ་སྲུང་དང་ཕྲུ་གུ་སློབ་གསོའི་བདེ་ཐང་འདུ་ཤེས་ཁྱབ་བསྒྲགས་བྱས་པ། བོད་ཁུལ་དུ་གཞི་རིམ་བདེ་ཐང་ལ་སྐུལ་འདེད་བྱེད་པའི་ལས་དོན་ཁུག་མ་ཞེས་པ་སྤྲད་དེ་གཞི་རིམ་གྱི་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ལས་བྱེད་པར་རོགས་རམ་བྱས་ཏེ་ཞིང་འབྲོག་མི་དམངས་ལ་ཞབས་ཕྱི་དེ་བས་ལེགས་པོ་བྱེད་ཐུབ། 《སྦྲུམ་ཆགས་དང་ཕྲུ་གུ་སྐྱེ་བའི་དུས་ལུས་ཁམས་བདེ་སྲུང་།》དང་《ཕྲུ་གུ་དམར་འབྱར་གསོ་བ་དང་བདག་སྐྱོང་།》རྒྱ་བོད་ཤན་སྦྱར་གྱི་པར་སྐྲུན་དང་བརྙན་འཕྲིན་ལས་ཚན་རིག་ཁྱབ་གདལ་པར་གཞི་སོགས་བདེ་ཐང་ལ་སྐུལ་འདེད་བྱེད་པའི་དྲིལ་བསྒྲགས་མང་པོ་སྤེལ་བ་མ་ཚད་འབྲེལ་ཡོད་ཀྱི་ཁྱབ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་རེད།