ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-08-07
སྤྱི་ལོ2005ལོར་ཚན་རྩལ་པུའུ་དང་ནོར་སྲིད་པུའུ་ནས་ཐུན་མོང་ཐོག་ཚན་རྩལ་དམངས་ཕྱུག་དང་སྟོབས་ཆེའི་རྫོང་གི་ཆེད་དོན་བྱ་སྤྱོད་འཆར་འགོད་འགོ་ཚུགས་ཡོད་པ་རེད། ཀྲུང་དབྱང་ནོར་སྲིད་ནས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་པ་དང་། ཁྱབ་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་ཡོང་བར་དམིགས་ནས་གཙོ་གནད་དུ་ལག་རྩལ་ནང་འདྲེན་དང་ཞུ་འཇུ་བསྡུ་ལེན། མིག་དཔེ་ཁྱབ་བསྐྱེད། ལག་རྩལ་གསོ་སྦྱོང་ལ་སོགས་པའི་ལས་དོན་ཐད་ལ་རྒྱབ་སྐྱོར་བྱས་པ་དང་། རྣམ་གྲངས་ཀྱི་གཞི་རྟེན་བྱས་ནས་མིག་དཔེ་སྣེ་འཁྲིད་ཀྱི་ནུས་པ་འདོན་སྤེལ། ཁྱོན་ཡོངས་ནས་འབྲེལ་ཡོད་རྫོང་དང་གྲོང་ཁྱེར་གྱིས་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་སྟོབས་ཆེའི་རྫོང་དུ་འགྱུར་བར་སྐུལ་འཁྲིད་བྱས་ཡོད་པ་རེད། ཆེད་དོན་བྱ་སྤྱོད་ལག་ལེན་བསྟར་བ་ནས་བཟུང་རགས་རྩིས་བྱས་ན་ཆེད་དོན་དངུལ་རྩ་མ་འཇོག་བྱས་པ་སྒོར་དུང་ཕྱུར29ཟིན་པ་དང་དེའི་ནང་སྤྱི་ལོ2013ལོར་སྒོར་དུང་ཕྱུར5བཀོད་སྒྲིག་བྱས་ཏེ་ཞིང་ཆེན་དང་གྲོང་ཁྱེར32ཀྱི་རྣམ་གྲངས301ལ་རྒྱབ་སྐྱོར་བྱས་པ་དང་དེའི་ནང་བྱས་རྗེས་དང་ལས་ཆོད་དཔྱད་བསྡུར་གྱི་རྣམ་གྲངས66ཚུད་ཡོད་པ་རེད།
སྤྱི་ལོ2012ལོར་རང་རྒྱལ་གྱིས་ཚན་རྩལ་ཁྱབ་གདལ་དང་ཞིང་པར་གཟིགས་སྐྱོང་དང་གྲོང་གསེབ་དར་སྤེལ་འཆར་འགོད་ཞེས་པའི་རྨང་གཞིའི་ཐོག སྡེ་ཁུལ་དུ་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་དོན་དེའི་ནང་བཅུག་པ་མ་ཟད་འཆར་འགོད་ཀྱི་མིང་དེ་གཞི་རིམ་དུ་ཚན་རྩལ་ཁྱབ་གདལ་གཏོང་བའི་བྱ་འགུལ་འཆར་འགོད་ཅེས་པར་བཅོས་སྒྲིག་བྱས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གཞི་རིམ་དུ་ཚན་རྩལ་ཁྱབ་གདལ་གཏོང་བའི་བྱ་འགུལ་འཆར་འགོད་ཅེས་པ་དེ་ནི་ཚན་རྩལ་ཁྱབ་གདལ་དང་ཞིང་པར་གཟིགས་སྐྱོང་དང་གྲོང་གསེབ་དར་སྤེལ་གྱི་འཆར་འགོད་ཅེས་པ་དང་སྡེ་ཁུལ་དུ་ཚན་རྩལ་ཁྱབ་གདལ་གྱིས་དམངས་ཕན་འཆར་འགོད་ཅེས་པའི་འཆར་འགོད་གཉིས་ལས་གྲུབ་པ་ཞིག་ཡིན། ཚན་རྩལ་ཁྱབ་གདལ་དང་ཞིང་པར་གཟིགས་སྐྱོང་དང་གྲོང་གསེབ་དར་སྤེལ་གྱི་འཆར་འགོད་ཅེས་པ་དེ་གཞི་རྩའི་ཆ་ནས་སྔོན་གྱི་འཆར་འགོད་ཀྱི་ནང་དོན་རྒྱུན་མཐུད་བྱས་ཡོད་པ་རེད། གནས་གཅིག་ཁྱོན་འཁྲིད་དང་མིག་དཔེ་དཔེ་སྟོན་གྱི་བྱེད་ཐབས་བརྒྱུད་དེ། རྒྱལ་ཡོངས་སུ་དམིགས་བསལ་ལེགས་སྐྱེས་འབུལ་མཁན་དང་ཁྱབ་ཁོངས་ཀྱི་དཔེ་སྟོན་ནུས་པ་ངེས་ཅན་ཡོད་པ། ཁྱབ་འགྱེད་རང་བཞིན་གྱི་གྲོང་གསེབ་ཆེད་ལས་ལག་རྩལ་མཐུན་ཚོགས། ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྟེན་གཞི། གྲོང་གསེབ་ཏུ་ཚན་རྩལ་ཁྱབ་གདལ་གཏོང་བའི་སྣེ་འཁྲིད་པ། གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་ཁྱབ་གདལ་གཏོང་མཁན་ལས་དོན་རུ་ཁག་བཅས་འགའ་ཞིག་ལ་ཁ་གསབ་རོགས་རམ་བྱས་ཏེ། དེ་བས་མང་བའི་ཞིང་པས་ཚན་རྩལ་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཐོན་སྐྱེད་ངལ་རྩོལ་རྩལ་ནུས་ཁོངས་སུ་ཆུད་རྒྱུར་སྐུལ་འཁྲིད་དང་རྒྱ་ཆེའི་ཞིང་པས་ཚན་རྩལ་དང་། རིག་གནས། བདེ་ཐང་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐབས་ལམ་འཛུགས་རྒྱུར་སྣེ་འཁྲིད་བྱས་ཡོད་པ་རེད།
བསྡོམས་རྩིས་བྱས་པ་ལས་མངོན་པར། སྤྱི་ལོ2006ལོ་ནས་སྤྱི་ལོ2013ལོའི་བར་ཀྲུང་དབྱང་ནོར་སྲིད་ནས་སྒོར་དུང་ཕྱུར16.5མ་འཇོག་བྱས་ནས་ཚན་རྩལ་ཁྱབ་གདལ་དང་ཞིང་པར་གཟིགས་སྐྱོང་གི་སྔོན་ཐོན་སྡེ་ཚན་དང་མི་སྒེར10050ལ་ཁ་གསབ་རོགས་རམ་བྱས་ཡོད་པ་རེད། རགས་རྩིས་བརྒྱབ་པར་གཞིགས་ན། སྤྱི་ལོ2012ལོའི་བར་ཁ་གསབ་རོགས་རམ་ཐོབ་མཁན་གྱིས་སྣ་རིགས་གསར་པ46000དང་ལག་རྩལ་གསར་པ31000ཁྱབ་གདལ་དུ་བཏང་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10