ཞི་ཅིན་ཕེན་གྱིས་ཝུའུ་ཧན་ནས་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་འགན་ཁུར་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-26

སྤྱི་ཟླ7པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་ནས་མགོ་འཛིན་མཛད་དེ་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་འགན་ཁུར་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བཅོས་སྒྱུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་བར་མ་ཟད། གསུང་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ7པའི་ཚེས23ཉིན་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་ནས་མགོ་འཛིན་མཛད་དེ་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་འགན་ཁུར་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བཅོས་སྒྱུུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་བར་མ་ཟད། གསུང་བཤད་གལ་ཆེན་གནང་། ཁོང་གིས་ངེས་པར་དུ་ཆབ་སྲིད་ཀྱི་སྤོབས་པ་ཆེན་པོ་དང་བློ་གྲོས་ལ་བརྟེན་ནས། གོ་སྐབས་དམ་འཛིན་གྱིས་ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། སྒྲིག་སྲོལ་ལམ་ལུགས་ཐད་ཀྱི་དཀའ་གནད་ཁྱད་སེལ་དང་། ཁེ་ཕན་མཁྲེགས་འཛིན་གྱི་འཆིང་རྒྱ་གཏོར་ནས། སྤྱི་ཚོགས་ཐོན་ནུས་ཤུགས་སྔར་ལས་བཅིངས་འགྲོལ་དང་། སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་ཤུགས་སྔར་ལས་སྐུལ་བ་དང་གཅིག་བསྡུ་བྱེད་དགོས་པ་ནན་གྱིས་བསྟན། 
  
བཞུགས་མོལ་ཚོགས་འདུའི་སྟེང་། ཧུའུ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཧོང་ཀྲུང་དང་། ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཡོན་ཁྲུང་ཆིན། ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞན་ཁོས། ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་དབྱང་ཞུང་། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞ་པོ་ལུང་། ཧུའུ་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞུའུ་ཧྲིག་ཧྲིན། ཧུའུ་ཧན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་རོན་ཁྲུན་ཧྥ། ཤར་རླུང་རླངས་འཁོར་ཀུང་ཟིའི་ཏུང་ཧྲི་ཀྲང་ཞུང་ཕེན་བཅས་ཀྱིས་སྔ་གཞུང་དུ་གཏམ་བཤད་དེ། ཁོ་ཚོས་སོ་སོར་བཅོས་སྒྱུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་བརྗོད། 
  ཞི་ཅིན་ཕེན་གྱིས་ཚང་མའི་གཏམ་བཤད་ལ་ནན་གྱིས་ཉན་པར་མ་ཟད། གནད་དོན་ཁ་ཤས་ཀྱི་ཐད་ནས་ཚང་མ་དང་བགྲོ་གླེང་བྱས། 
  
ཚང་མའི་གཏམ་བཤད་ལ་ཉན་རྗེས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བཅོས་སྒྱུར་སྒོ་འབྱེད་ནི་རང་རེ་ཏང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་མི་དམངས་ཀྱི་སྣེ་ཁྲིད་དེ་སླེལ་བའི་རླབས་ཆེན་གྱི་གསར་བརྗེ་གསར་བ་གཞི་རེད། ཐེབས་འདིའི་རླབས་ཆེ་བའི་གསར་བརྗེ་དེ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་ད་ལྟའི་བར། སྤྱིར་བཏང་མིན་པའི་ལོ་སོ་ལྔ་བརྒྱུད། བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་བྱུང་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་ཡིན་ལ། ཏང་དང་མི་དམངས་ཀྱི་ལས་དོན་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེར་སྙེག་པའི་གཅེས་ནོར་གལ་ཆེན་དང་། དུས་ཀྱི་འཕེལ་ཕྱོགས་དང་། དམངས་ཀྱི་བསམ་ཕྱོགས་ཡིན་པས། དེ་མཚམས་འཇོག་པ་དང་རྗེས་སྣུར་བྱས་ན་མདུན་ལམ་ཅི་ཡང་མེད་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད་ཅེས་བསྟན། 
  ཞི་ཅིན་ཕེན་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་གྱིས་བཅོས་སྒྱུུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བར་དེ་བས་དགོས་གཏུག་ཆེ་བའི་རེ་བ་བཏོན་ཡོད། རང་རྒྱལ་གྱི་བཅོས་སྒྱུར་དེ་མཁྲེགས་གཏོར་གྱི་གནད་འགག་ཆེ་བའི་དུས་སུ་གནས་ཡོད་པས། ཐག་གཅོད་དགོས་པའི་གནད་དོན་ཧ་ཅང་མང་། བརྟག་དཔྱད་ཞིབ་འཇུག་ནི་དོན་དག་སྒྲུབ་པའི་གཞི་རྩ་དང་། དོན་དག་འགྲུབ་པའི་ཐབས་ཤེས་ཡིན། བརྟག་དཔྱད་མེད་ན་གཏམ་བཤད་ཀྱི་དབང་ཆ་མེད་ལ། ཇུས་ཆོད་འགོད་པའི་དབང་ཆ་དེ་བས་མེད། བཅོས་སྒྱུུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བའི་རིག་ལམ་དང་བྱེད་ཐབས་འགངས་ཆེན་ལ་ཞིབ་འཇུག་དང་བསམ་གཞིགས། དེ་གཏན་ལ་འབེབས་ན། གྲུ་ལ་རྟགས་བརྒྱབ་ནས་རལ་གྲི་འཚོལ་བ་ནང་བཞིན་མི་རུང་ལ། མི་བསམ་དགུ་བསམ་དེ་བས་མི་རུང་བར། ངེས་པར་དུ་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་ཞེས་བསྟན། 
   
ཞི་ཅིན་ཕེན་གྱིས་བཅོས་སྒྱུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བར་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་དགོས་པའི་གནད་དོན་འགངས་ཆེན་དྲུག་བཏོན་པ་འདི་ལྟར། གཅིག་ནས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རའི་མ་ལག་སྔར་ལས་ཆགས་པར་བྱེད་པ་དང་། འདྲ་མཉམ་འགྲན་རྩོད་ཀྱི་འཕེལ་རྒྱས་ཁོར་ཅིག་ཆགས་པར་བྱེད་པ། གཉིས་ནས་དཔལ་འབྱོར་འཕེལ་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་ངང་གོང་དུ་སྤེལ་བར་ཉམས་པ་མེད་པའི་སྒུལ་ཤུགས་འདོན་སྤྲོད་བྱེད་པ། གསུམ་ནས་ཆེ་ཕྱོགས་སྙོམས་སྒྲིག་དང་ཚོད་འཛིན་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་། སྲིད་གཞུང་འགན་སྒྲུབ་ནུས་པ་ཇེ་ཆེར་གཏོང་བ། བཞི་ནས་སྤྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་བཏང་ནས། སྤྱི་ཚོགས་འཆར་མཐུན་དང་བརྟན་འཇགས་ཡོང་བར་ཡར་སྐུལ་གཏོང་བ། ལྔ་ནས་སྤྱི་ཚོགས་འདྲ་མཉམ་དང་དྲང་གཞག་ཡོང་བ་མངོན་འགྱུར་བྱེད་པ་དང་། ལམ་ལུགས་དང་བཀོད་སྒྲིག་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཕྱོགས་གང་ཅིའི་ཁེ་ཕན་འགན་སྲུང་ལེགས་པོ་བྱེད་པ། དྲུག་ནས་ཏང་གི་མགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། ཏང་གིས་ཁྱོན་ཡོངས་བཀོད་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་བཅས་རེད།
   ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ་གཉིས་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས། 

  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་རྟེན་གཞི་ལྷ་ས་རུ་འཛུགས་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:སྐབས་བརྒྱད་པའི་གནམ་མཚོའི་རྒྱལ་སྤྱིའི་རྐང་བགྲོད་ཚོགས་འདུ་སྤྱི་ཟླ8པའི་ནང་འཚོགས་རྒྱུ་ཡིན།
  • དོ་སྣང་ཆེ་བའི་རྩོམ།