བོད་ཀྱི་རྩོམ་པ་པོ་འགའི་བརྩམས་ཆོས་གྲངས་ཉུང་མི་རིགས་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིར་ཚུད།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-07-12

ཟླ7པའི་ཚེས5ཉིན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས2013ལོའི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིའི་བརྩམས་ཆོས་དང2013ལོའི་གྲངས་ཉུང་མི་རིགས་རྩོམ་རིག་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིའི་བརྩམས་ཆོས་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ10ལྷག་གི་བརྩམས་ཆོས་དེའི་ཁྲོད་ཚུད་ཡོད་པ་དང་། བརྩམས་ཆོས1ནི་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིར་ཚུད་པ་དང་། བརྩམས་ཆོས9ནི་གྲངས་ཉུང་མི་རིགས་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིར་ཚུད་ལ། དེ་ལས་བོད་རིགས་རྩོམ་པ་པོའི་བརྩམས་ཆོས་མི་ཉུང་བ་འདུས། 
        གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིར་ཚུད་པའི་བརྩམས་ཆོས་ནི་ལྷུག་རྩོམ《མཚོ་སྔོན་པོའི་ལྗོངས་ཡོངས》(ཡར་ཞུ་བ། ལུང་རིན་ཆེན)ཞེས་པ་དང་། གྲངས་ཉུང་མི་རིགས་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིར་ཚུད་པའི་བརྩམས་ཆོས་ནི། མི་རིགས་སྐད་ཡིག་བརྩམས་ཆོས《དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་སྤྱི་བསྡུས》(ཡར་ཞུ་བ། ཆོས་སྐྱོང)དང་། 《འཇུ་སྐལ་བཟང་གི་ལྷུག་རྩོམ་གཅེས་བསྡུས》(ཡར་ཞུ་བ། འཇུ་སྐལ་བཟང)།  《གངས་ལྷ་མེ་ཏོག》(ཡར་ཞུ་བ། བཀྲ་ཤིས་དོན་གྲུབ)། 《ཨ་ཕ། ཨ་ཕ།》(ཡར་ཞུ་བ། སོག་རིགས་ཚེ་རིང་དོན་གྲུབ)། སྒྲུང་རིང《ཐང་ཅི་ཁུ་ཏི་སྐུ་ཕྲེང་བརྒྱད་པ》(ཡར་ཞུ་བ། རྡོ་རྗེ་ཚེ་བརྟན)། 《བོད་སྤོས། ཨ་མདོའི་ཚོ་བའི་རྒྱལ་རབས་ཀྱི་གསང་རྣམ》(ཡར་ཞུ་བ། ཚེ་བརྟན)། 《འཆི་བའི་ཁ་དོག》(ཡར་ཞུ་བ། པདྨ་ཚེ་བརྟན)། ལྷུག་རྩོམ《ཁུ་ནུའི་དར་ལྕོག་རི་བོ》(ཡར་ཞུ་བ། ཆི་ཅན་ཆིན)སོགས་འདུས།
        ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གལ་ཆེའི་བརྩམས་ཆོས་གསར་རྩོམ་རོགས་སྐྱོར་ལས་གཞི་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གསར་རྩོམ་ཕུན་སུམ་ཚོགས་པ་བྱ་བའི་གལ་ཆེའི་བྱེད་ཐབས་ཤིག་ཡིན་ཞིང་། དེ་ནི་དུས་རབས་ཀྱི་བརྗོད་དོན་ལྷངས་སུ་འདོན་པ་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པའི་ཕུལ་བྱུང་བརྩམས་ཆོས་དམིགས་སུ་བཟུང་ཐོག  རྨད་དུ་བྱུང་བའི་བརྩམས་ཆོས་མང་པོ་བསྐྲུན་རྒྱུ་དང་། ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་། གལ་ཆེའི་བརྩམས་ཆོས་རོགས་སྐྱོར་བྱེད་པའི་གསར་རྩོམ་དང་པར་བསྐྲུན། བགྲོ་གླེང་སོགས་དགོངས་དོན་དུ་བྱེད་པ་ཡིན།  ད་ལོར་ཡང་གྲངས་ཉུང་མི་རིགས་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞི་གསར་དུ་བཙུགས་ཤིང་།  ཆེད་མཁས་པའི་མཐའ་དཔྱོད་དང་ཧྲུའུ་ཅི་ཁྲུའི་ཞིབ་བཤེར་བརྒྱུད་དེ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་བསྡོམས་པས་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིའི་རྣམ་གྲངས112དང་གྲངས་ཉུང་མི་རིགས་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་ལས་གཞིའི་རྣམ་གྲངས10བཅས་གཏན་འཁེལ་བྱས།
  • ལེ་ཚན་སྔོན་མ།:ཡུས་ཀྲིན་ཧྲིན་གྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:རྔ་བ་ཁུལ་གྱིས་ཞིང་བ་གླ་རྒྱགས་པའི་ནུས་རྩལ་འགྲན་བསྡུར་ཆེན་མོ་སྤེལ་རྒྱུ་ནི་དུས་འགྱངས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།