རྔ་བ་ཁུལ་ཆུ་ཆེན་རྫོང་གི་དགའ་གནས་ནས་རྟའུ་རྫོང་བར་གྱི་གཞུང་ལམ་རྒྱས་སྐྲུན་ཨར་ལས་ཀྱི་སྔོན་མར་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུ་ལ་ཞིབ་དཔྱད་བྱས།
དབྱངས་ཅན་གྱིས་བསྒྱུར། 2013-06-25
ཉེ་ཆར། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་དང་། བློ་འདྲི་ཁང་གི་ཆེད་རམས་པ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འགྲིམ་འགྲུལ་རྩད་ཞིབ་ཇུས་འགོད་ཁང་དང་རྟའུ་རྫོང་གི་འབྲེལ་ཡོད་འགན་ཁུར་མི་སྣ་སོགས་ཞུགས་པའི་རྔ་བ་ཁུལ་ཆུ་ཆེན་རྫོང་གི་དགའ་གནས་ནས་རྟའུ་རྫོང་བར་གྱི་གཞུང་ལམ་རྒྱས་སྐྲུན་ཨར་ལས་ཀྱི་སྔོན་མར་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུའི་ཞིབ་དཔྱད་གྲོས་ཚོགས་དེ་རྟའུ་རྫོང་དུ་འཚོགས་པ་རེད།
གྲོས་ཚོགས་ཐོག་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འགྲིམ་འགྲུལ་རྩད་ཞིབ་ཞིབ་ཇུས་འགོད་ཁང་གིས་ཁག་དབྱེ་ནས་རྣམ་གྲངས་མདོར་བསྡུས་དང་། ཇུས་འགོད་ཀྱི་འཆར་གཞི། ཨར་ལས་འཛུགས་སྐྲུན་ཐད་གནས་པའི་དཀའ་ངལ། འཛུགས་སྐྲུན་མ་དངུལ་གྲབས་གསོག་བྱེད་སྟངས། གཞུང་ལམ་འཛུགས་སྐྲུན་གྱི་འགན་སྲུང་བྱེད་ཐབས་སོགས་ཕྱོགས་འགའ་ཡི་ཐད་ལ་ངོ་སྤྲོད་དང་གསལ་བཤད་ཞིབ་ཕྲ་བྱས་པ་རེད། སྙན་ཞུ་ཉན་འཇོག་བྱས་རྗེས་ཆེད་རམས་པ་སོ་སོས་《སྔོན་ཚུད་ནས་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུའི》ཡིག་རིགས་ལས་གྲུབ་པའི་ནང་དོན་དང་། འཛུགས་སྐྲུན་ཐད་དགོས་ངེས་ཀྱི་རིགས་པས་སྒྲུབ་པ། ལག་རྩལ་གྱི་དམིགས་ཚད། གཞུང་ལམ་གྱི་ལམ་འགོ་དང་ལམ་མཐའ། གཞུང་ལམ་གྱི་འཆར་འགོད་འགྲན་བསྡུར། གཞུང་ལམ་ཐིག་དབྱིབས་ཀྱི་དམིགས་ཚད་དང་སྡེབ་སྒྲིག་སོགས་ཀྱི་ཐད་ལ་ཚོད་དཔག་ཞིབ་ཕྲ་བྱས་པ་རེད།
རྔ་བ་ཁུལ་ཆུ་ཆེན་རྫོང་གི་དགའ་གནས་ནས་རྟའུ་རྫོང་བར་གྱི་གཞུང་ལམ་དེ་རྟའུ་རྫོང་དང་རྔ་བ་ཁུལ་ཆུ་ཆེན་རྫོང་གི་འབྲེལ་མཚམས་སུ་སན་ཅ་གྲོང་སྡེ་ནས་འགོ་ཚུགས་ནས་ལམ་བར་དུ་རྟའུ་རྫོང་གི་གཡི་ངོས་ཤང་དང་། པེ་ཐ་ཤང་། རྒྱ་གྲོང་ཤང་། ཆུ་དམར་ཤང་བརྒྱུད་ནས་རྟའུ་རྫོང་གི་ཟམ་ནག་ཏུ་མཇུག་རྫོགས་པ་རེད། འཛུགས་སྐྲུན་བྱེད་གྲབས་ཡོད་པའི་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཐིག303པའི་རྟའུ་ཡི་གྲོང་སྐོར་གཞུང་ལམ་དུམ་བུ་དང་འབྲེལ་མཐུད་བྱེད་བཞིན་པས་གཞུང་ལམ་ཧྲིལ་པོར་སྤྱི་ལེ94.523ཡོད་ཅིང་། རིམ་པ་གསུམ་ཅན་གྱི་གཞུང་ལམ་གྱི་དམིགས་ཚད་ལྟར་འཛུགས་སྐྲུན་བྱེད་གྲབས་ཡིན་པ། གཞུང་ལམ་གྱི་ལམ་གཞིའི་ཞེང་ཚད་ལ་སྨི7.5ཡོད།འགྱིག་སྣུམ་ཨར་འདམ་གཞུང་ལམ་ངོས་ལ་སྔོན་རྩིས་བྱས་ན་སྤྱིའི་མ་དངུལ་སྒོར་དུང་ཕྱུར་7.87གཏོང་འཇོག་བྱེད་དགོས་པ་རེད།