ཉེ་ཆར་པེ་ཅིན་ནས་འབྱོར་བའི་གཏམ་གསར།སློབ་གསོ་པུའུ་ཡིས《སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ལས་འགལ་རིགས་ལ་ཆད་པ་གཅོད་ཐབས》(བསམ་འཆར་བསྡུ་ལེན་འཆར་ཟིན) སྤྱི་ཚོགས་ལ་བཀྲམས་ནས་ཡོངས་ཁྱབ་ཏུ་བསམ་འཆར་བསྡུས་བ་རེད།
《བསམ་འཆར》བཟོ་བའི་དམིགས་ཡུལ་ནི་དགེ་རྒན་གྱི་ཀུན་སྤྱོད་ལས་འགལ་རིགས་ཀྱི་བྱ་སྤྱོད་ལ་ཆད་པ་གཅོད་པའི་ལམ་ལུགས་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་བཏང་ནས་ད་ཆའི་དགེ་རྒན་གྱི་ཀུན་སྤྱོད་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་ཡོང་བ་བྱ་རྒྱུ་དེ་ཡིན་པ་རེད།
《བསམ་འཆར》ལྟར་ན།གཤམ་གསལ་གྱི་དགེ་རྒན་གྱི་ཀུན་སྤྱོད་ཅི་རིགས་ཀྱི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་དགོས་ངེས་ཀྱི་ཆད་པ་གཅོད་རྒྱུ་ཡིན་པ་སྟེ།སློབ་གསོ་དང་སློབ་ཁྲིད་ཀྱི་བྱེད་སྒོའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་རྒྱབ་འགལ་དུ་གྱུར་པའི་གཏམ་སྤྱོད་རིགས་དང་།སློབ་གསོ་དང་སློབ་ཁྲིད་བྱེད་རིང་ཐོལ་བྱུང་དོན་རྐྱེན་སྐབས་སློབ་མའི་ལུས་ཁམས་བདེ་ཐང་ལ་འགན་མི་འཁུར་བའི་རིགས།སློབ་གསོ་སློབ་ཁྲིད་སྐབས་དང་སློབ་མ་གཅུན་འདོམས་དང་སློབ་མར་གདེང་འཇོག་བྱེད་སྐབས་སློབ་མར་དྲང་པོ་དྲང་བཞག་མ་བྱས་པའི་རིགས།སློབ་བསྡུ་དང་།རྒྱུགས་ལེན།དཔྱད་ཞིབ།ལས་རིགས་དཔྱད་འདེམས།སློབ་དཔྱོད་ཞིབ་འཇུག་བྱེད་སྐབས་མི་བདེན་རྫུན་སྒྲིག་དང་རང་འདོད་གཡོ་ཟོལ་བྱས་པའི་རིགས།སློབ་མར་ཉེས་རྡུང་བཏང་བའི་རིགས།བརྙས་བཅོས་དང་།མཐོང་ཆུང་།ཁེར་འཇོག་སོགས་ཀྱི་ངོ་བོ་འགྱུར་བའི་བྱེད་སྟངས་ཐོག་ནས་སློབ་མར་ལུས་ཆད་བཏང་སྟེ་སློབ་མའི་ལུས་སེམས་གཉིས་ཀར་གནོད་སྐྱོན་བཏང་བའི་རིགས།སློབ་མ་སྡོད་བཟོད་མི་བདེ་བ་བཟོས་པའམ་ཡང་ན་སློབ་མ་དང་ཚུལ་མིན་འབྲེལ་བ་བྱས་པའི་རིགས།གཏན་འབེབས་ལས་འགལ་ནས་ཁྱིམ་བདག་དང་སློབ་མའི་ས་ནས་རྒྱུ་ནོར་བླངས་པའི་རིགས།སློབ་མའི་ས་ནས་ཁེ་སྤོགས་ལེན་པའི་བྱ་བ་སྤེལ་བའམ་སྒྲིག་འཛུགས་བྱ་བའི་ནང་ཞུགས་པའམ་ཡང་ན་སློབ་མར་ཟུར་ཁྲིད་དེབ་དང་དུས་དེབ་སོགས་བཙན་ཤེད་ཀྱིས་ཉོ་རུ་བཅུག་ནས་རང་སྒེར་གྱི་ཁེ་ཕན་གཉེར་ཐབས་བྱས་པའི་རིགས།ཁ་ཏ་བསླབ་བྱར་མ་ཉན་པར་སློབ་མ་སློབ་ཕྱིའི་རིན་བསྡུའི་ཟུར་ཁྲིད་ནང་ཞུགས་རྒྱུ་སྒྲིག་འཛུགས་དང་།རེ་བ་འདོན་པ།ཚིག་སྙན་འཇམ་ཁྲིད་སོགས་བྱས་པའམ་ཡང་ན་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་རིན་བསྡུའི་ཟུར་ཁྲིད་ནང་ཞུགས་སུ་བཅུག་པའི་རིགས།ལས་རིགས་ཀུན་སྤྱོད་ལས་འགལ་བའི་རིགས་ཀྱི་བྱ་སྤྱོད་གཞན་བཅས་ལ་དགོས་ངེས་ཀྱི་ཆད་པ་གཅོད་རྒྱུ་ཡིན་པ་རེད།
《བསམ་འཆར》ལ་གཞིགས་ན།ཐ་ཚིག་བསྒྲགས་པ་དང་།ཉེས་ཐོ་འགོད་པ།ཆེད་ལས་ལག་རྩལ་པའི་གོ་མིང་རིམ་པ་གཅོག་པ།ཆེད་ལས་ལག་རྩལ་པའི་གོ་མིང་ངམ་ཡང་ན་སྲིད་འཛིན་གྱི་གོ་གནས་གནས་དབྱུང་གཏོང་བ།སྐྱིད་སྡུག་ལས་འབུད་པ་བཅས་ཀྱི་ཆད་པ་གཅོད་རྒྱུའི་ནང་།ཐ་ཚིག་བསྒྲགས་པའི་ཆད་གཅོད་དུས་བཀག་ཟླ་བ6དང་།ཉེས་ཐོ་འགོད་པའི་ཆད་གཅོད་དུས་བཀག་ཟླ་བ12 ཆེད་ལས་ལག་རྩལ་པའི་གོ་མིང་རིམ་པ་གཅོག་པ་དང་ཆེད་ལས་ལག་རྩལ་པའི་གོ་མིང་ངམ་ཡང་ན་སྲིད་འཛིན་གོ་མིང་གནས་དབྱུང་གཏོང་བའི་ཆད་གཅོད་དུས་བཀག་ཟླ་བ24བཅས་ཡིན་པ་རེད།
《བསམ་འཆར》ནང་།དགེ་རྒན་ལ་གཤམ་གསལ་གྱི་དབང་ཆ་བཞི་ཆད་པ་གཅོད་རྒྱུ་སྟེ།ཐ་ཚིག་བསྒྲགས་པ་དང་ཉེས་ཐོ་འགོད་པའི་གཞུང་བཙུགས་སློབ་གྲྭའི་དགེ་རྒན་ལ་གནས་ཡུལ་སློབ་གྲྭར་གྲོས་འགོ་བཏོན་ནས་སློབ་གྲྭའི་གཙོ་གཉེར་སློབ་གསོའི་སྡེ་ཚན་གྱིས་ཐག་གཅོད་དགོས་པ་དང་།དམངས་བཙུགས་སློབ་གྲྭའི་དགེ་རྒན་ལ་གནས་ཡུལ་སློབ་གྲྭས་ཐག་བཅད་པ་གཙོ་གཉེར་སློབ་གསོའི་སྡེ་ཚན་ལ་ཐོ་འགོད་བྱ་རྒྱུར་སྐྱེལ་དགོས།ཆེད་ལས་ལག་རྩལ་པའི་གོ་མིང་རིམ་པ་གཅོག་པའམ་ཆེད་ལས་ལག་རྩལ་པའི་གོ་མིང་ངམ་སྲིད་འཛིན་གོ་གནས་གནས་དབྱུང་གཏོང་བའི་དགེ་རྒན་ལ་གནས་ཡུལ་སློབ་གྲྭས་གྲོས་འགོ་བཏོན་པ་སློབ་གྲྭའི་གཙོ་གཉེར་སློབ་གསོའི་སྡེ་ཚན་གྱིས་ཐག་བཅད་པ་དང་འབྲེལ་རིམ་མཚུངས་མི་དོན་སྡེ་ཚན་ལ་ཐོ་འགོད་བྱ་རྒྱུར་སྐྱེལ་དགོས།སྐྱིད་སྡུག་ལས་འབུད་པའི་དམངས་བཙུགས་སློབ་གྲྭའི་དགེ་རྒན་ལ་གནས་ཡུལ་སློབ་གྲྭས་གྲོས་འགོ་བཏོན་པ་དང་སློབ་གྲྭའི་གཙོ་གཉེར་སྡེ་ཚན་གྱིས་ཐག་བཅད་པ་དང་འབྲེལ་རིམ་མཚུངས་མི་དོན་སྡེ་ཚན་ལ་ཐོ་འགོད་བྱ་རྒྱུར་སྐྱེལ་དགོས།དམངས་བཙུགས་སློབ་གྲྭའི་དགེ་རྒན་ནམ་མི་དོན་སྒྲིག་ཁོངས་དོ་དམ་ནང་མ་ཐེ་བའི་དགེ་རྒན་ལ་གནས་ཡུལ་སློབ་གྲྭས་ཐག་བཅད་པ་དང་འབྲེལ་གདན་ཞུའི་གན་རྒྱ་རྩིས་མེད་བཏང་ནས་གཙོ་གཉེར་སློབ་གསོའི་སྡེ་ཚན་ལ་ཐོ་འགོད་བྱེད་རྒྱུར་སྐྱེལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།