ཞིན་ཧྭ་གསར་འགྱུར་དྲ་བ། 2013-07-03
ཞིན་ཅང་ཧྲན་ཧྲན་རྫོང་དུ་བྱུང་བའི་དྲག་ཤུགས་འཇིགས་སྐུལ་བའི་འཇབ་རྒོལ་གྱོད་གཞི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་རྩད་ཆོད། རྩད་ཞིབ་བྱས་པ་བརྒྱུད། ད་ལོའི་ཟླ་གཉིས་པའི་རྗེས་སུ་ཨེ་ཧ་མེད་ཐུས་ཉིས་ཡ་ཙི་སི་ཏེ་ཁི་ཡིས་མི་གང་མང་རྩ་འཛུགས་བྱས་ཏེ་ཆོས་ལུགས་ཐལ་སྐྱོད་བྱ་འགུལ་སྤེལ་ནས། དྲག་ཤུགས་འཇིགས་སྐུལ་བྱ་འགུལ་ལ་ངན་སྐུལ་བྱེད་པའི་སྒྲ་ཕབ་རྒྱུ་ཆ་ལ་ཉན་པ་དང་མཉམ་དུ་མི་བཅུ་བདུན་ལས་གྲུབ་པའི་དྲག་ཤུགས་འཇིགས་སྐུལ་བྱ་འགུལ་གྱི་ཚོགས་པ་ཞིག་བཙུགས། ཟླ་དྲུག་པའི་ཟླ་དཀྱིལ་གྱི་རྗེས་སུ་ཚོགས་པ་དེས་མ་དངུལ་བསྡུ་བ་དང་གྲི་དང་རླངས་སྣུམ་སོགས་མཚོན་ཆ་ཉོས་ནས་ནག་ཉེས་བཟོ་བར་གྲ་སྒྲིག་བྱས།
ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། སྤྱི་བདེ་ལས་ཁུངས་ཀྱིས་ཚོགས་པ་དེའི་ཁོངས་མི་གཅིག་འཛིན་བཟུང་བྱས། ཚེས་ཉེར་དྲུག་ཉིན་གྱི་ཞོགས་པར་ཚོགས་པ་དེའི་ཁོངས་མི་བཅོ་ལྔ་ཡིས་སྔ་གཞུག་ཏུ་ཧྲན་ཧྲན་རྫོང་གི་ལུའུ་ཁི་ཆན་གྲོང་བརྡལ་མངག་གཏོང་ཁང་དང་སྐོར་གཡེང་ཉེན་རྟོག་རུ་འབྲིང་། གྲོང་བརྡལ་སྲིད་གཞུང་། བཟོ་སྐྲུན་བྱེད་ཡུལ། སྒེར་གཉེར་ཚོང་ཁང་སོགས་ལ་འཇབ་རྒོལ་བྱས་པ་དང་། རླངས་འཁོར་མེར་བསྲེགས་ཤིང་། གྲི་བཟུང་སྟེ་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་མང་ཚོགས་དམར་གསོད་བྱས་པས། མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་དེའི་ནང་དུ་ཡུ་གུར་རིགས་བཅུ་དྲུག་དང་རྒྱ་རིགས་བརྒྱད་ཡོད་ལ། གཞན་མི་ཉེར་གཅིག་རྨས། དྲག་ཤུགས་འཇིགས་སྐུལ་བྱ་འགུལ་ཞི་འཇགས་སུ་གཏོང་སྐབས་དྲག་ཤུགས་ཉེས་ཅན་བཅུ་གཅིག་ཡུལ་དངོས་ནས་བསད་པ་དང་ཉེས་ཅན་བཞི་འཛིན་བཟུང་བྱས་པར་མ་ཟད། གྲི་དང་རླངས་སྣུམ་སོགས་ནག་བཟོས་མཚོན་ཆ་སྐོར་ཞིག་གཞུང་བཞེས་བྱས།
མང་ཚོགས་ཀྱིས་ཡར་ཞུ་བྱས་པ་བརྒྱུད། མཐའ་མཇུག་གི་བྲོས་བྱོལ་ཉེས་ཅན་གཅིག་པུ་སྟེ་དབྱི་པུའུ་ལ་ཡིན་ཨེ་ལེ་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་འཛིན་བཟུང་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10