རང་རྒྱལ་གྱི་གནོད་འགོག་གནོད་སེལ་ཉིན་མོར་ས་གནས་ཁག་གིས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-05-15

སྤྱི་ཟླ5བའི་ཚེས12ཉིན་ནི་རང་རྒྱལ་གྱི་གནོད་འགོག་གནོད་སེལ་ཉིན་མོ་ཐེངས་ལྔ་པ་དེ་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི་གནོད་འཚེའི་ཉེན་ཁར་དབྱེ་འབྱེད་ངོས་འཛིན་དང་། གནོད་སེལ་རྩལ་ནུས་ཁོང་དུ་ཆུད་པ་བྱེད་དགོས་ཞེས་པ་དེ་ཡིན་པ་རེད། ལོ5ཡི་རིང་། རང་རྒྱལ་གྱི་གནོད་འགོག་གནོད་སེལ་སྒྲིག་གཞི་ཟམ་མི་ཆད་པར་ཆ་ཚང་དུ་སོང་བ་དང་། ཁྲིམས་སྲོལ་ཇུས་གཞིའི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་སོང་བ། གནོད་འགོག་འགན་སྲུང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུང་སོང་བ། ཕྱོགས་བསྡུས་གནོད་འགོག་གནོད་སེལ་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་སོང་ཡོད་པ་རེད།

ཉིན་ཤས་བསྟུད་མར། ཧུའུ་པེ་དང་། པེ་ཅིན། ཧེ་ལུང་ཅང་། ཧྥུའུ་ཅན། ཁྲུང་ཆིང་། ཨན་ཧུའེ། ནང་སོག་སོགས་ཞིང་ལྗོངས་དང་གྲོང་ཁྱེར་མང་པོའི་གནམ་གཤིས་ཚན་པས་དྲག་ཆར་གནོད་འཚེའི་སྔོན་བརྡའི་སྟབས་བསྟུན་གྱི་གནམ་གཤིས་ཞབས་ཞུའི་ནང་སྦྱོང་དང་། རྒྱ་མཚོའི་རླུང་འཚུབ་ཀྱི་འཇབ་རྒོལ་འདྲ་བཟོ་བྱས་པ། སྤྱི་དམངས་ལ་ཚན་རིག་ཁྱབ་གདལ་སྒྲོག་སྦྱངས་གསལ་འགྲེལ་བྱེད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད། གནོད་འགོག་གནོད་སེལ་གྱི་འདུ་ཤེས་མཐོ་རུ་གཏོང་བ་དང་། གནོད་འགོག་གནོད་སེལ་གྱི་ཤེས་བྱ་བརྒྱུད་བསྒྲགས་བྱས་ཡོད་པ་རེད།

ཀྲུང་གོའི་གནམ་གཤིས་ཅུད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གནམ་གཤིས་གནོད་འགོག་གནོད་སེལ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པས། གནམ་གཤིས་གནོད་འགོག་ནུས་པ་ཆེ་རུ་སོང་ཡོད་པ་རེད། ལོ་ལྔའི་རིང་། རང་རྒྱལ་དུ་གནམ་གཤིས་གནོད་འཚེ་ལས་བཟོས་པའི་རྐྱེན་ལམ་དུ་སོང་བའི་མི་གྲངས་དེ་གོང་གི་ལོ་ལྔ་ལས་མི2000ཙམ་ཉུང་དུ་སོང་ཡོད་པ་དང་། དེ་ལས་བྱུང་བའི་དཔལ་འབྱོར་གྱོང་གུན་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་དེ1.22%ནས0.6%བར་ཉུང་དུ་ཕྱིན་ཡོད་པ་རེད།

པེ་ཅིན་མི་དམངས་མཁའ་ཟོན་གནོད་འགོག་ཅུད་ཀྱིས་སྤྱི་ཟླ5བའི་ཚེས10ཉིན་ཧྥང་ཧྲན་ཁུལ་དུ་ནང་སྦྱོང་ཆེན་མོ་བྱས་པ་དང་། སྲིད་གཞུང་གིས་གནོད་འཚེའི་རྗེས་ཀྱི་རྨས་མ་སྐྱོབ་བཅོས་དང་། སེམས་གསོ་གཏོང་བ། དུག་སེལ་རིམས་འགོག འཐུང་ཆུའི་བདེ་འཇགས། རོགས་སྐྱོབ་དངོས་རྫས་གཤམ་སྤྲོད་སོགས་ཕྱོགས་གང་ཅིའི་སྟབས་བསྟུན་འགན་སྲུང་ནུས་པར་ཞིབ་བཤེར་བྱས་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་མ་དངུལ་སྒོར་ཁྲི2300ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཕྱོགས་སུ་བཏང་བ།
  • ལེ་ཚན་རྗེས་མ།:ཁྱིམ་བྱའི་གསོ་ཚགས་ལས་རིགས་ཀྱི་གྱོང་གུན་སྲིད་ཇུས་ཀྱིས་ཟུར་སྐྱོར་བྱ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།