ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་སྐད་བརྡའི་རིག་མཛོད་དཔྱད་བསྐྲུན་ལ་ཕུལ་བྱུང་གྲུབ་འབྲས་ཐོབ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-05-07
རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་འཆར་བཀོད་ཁང་གིས2013ལོའི་ཟླ3པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལོ་འཁོར་ལས་གཞི་དང་ནུབ་རྒྱུད་ལས་གཞི་རྩིས་ལེན་བྱས་པའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ་ཁྱབ་བསྒྲགས་བྱས་པ་ལྟར་ན།ནུབ་བྱང་མི་རིགས་སློབ་ཆེན་གྱི་འཕྲུལ་ཆས་ལོ་ཙཱ་ཞིབ་འཇུག་ཁང་གི་འགོ་གཙོ་ལུའུ་ཡཱ་ཅོན་ལགས་ཀྱིས་ལས་གཞི་རེ་ཞུ་དང་འགོ་འཛིན་བྱས་ནས་ལེགས་འགྲུབ་བྱུང་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་གཙོ་བོ་སྟེ་བོད་སྐད་སྐད་བརྡའི་རིག་མཛོད་འཛུགས་སྐྲུན་དང་ཞིབ་འཇུག་ཞེས་པར་ཕུལ་བྱུང་གྲུབ་འབྲས་ཐོབ་པ་རེད། ལས་གཞི་འདིའི་ཁོངས་སུ་བོད་སྐད་ཀྱི་སྐད་བརྡའི་རིག་མཛོད་འཛུགས་སྐྲུན་ཞིབ་འཇུག་གི་སྔོན་གྲས་གཞུང་ལུགས་དང་གསར་གཏོད་ལག་རྩལ་ཕྱོགས་མང་པོ་འདུས་ཤིང་།བོད་ཡིག་ཨང་སྒྲིག་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་དབྱངས་ཅན་བོད་ཡིག་གཏག་ཐབས་ལ་གཞི་བྱས་ནས།བོད་ཡིག་ཨང་རྟགས་རེའུ་མིག་བརྗེ་བསྒྱུར་མཉེན་ཆས་དང་རང་འགུལ་གྱིས་རྟེན་འབྱུང་གྲངས་ངོས་འཛིན་བྱེད་པ།བོད་རྒྱའི་ཚིག་རྐང་མཉམ་སྒྲིག་ཡོ་ཆས།བོད་རྒྱའི་སྐད་གཉིས་དོ་མཉམ་སྐད་བརྡའི་རིག་མཛོད་སོགས་ཀྱི་མཉེན་ཆས་དང་ཡོ་ཆས།མ་ལག་ཞིབ་འཇུག་འདོན་སྤེལ་བྱས།དེའི་ཁྲོད་མཉེན་ཆས་ཁག་ཅིག་གི་ལག་རྩལ་གཤིས་ནུས་ཀྱི་ཚད་གྲངས་ནི་རྒྱལ་སྤྱིའི་ཚད་གཞིར་མཉམ་ཞིང་།རྒྱལ་ནང་གི་སྔོན་གྲས་ཀྱི་ཆུ་ཚད་ལ་སོན་ཡོད་པ་རེད། ལས་གཞི་འདི་ཞིབ་འཇུག་བྱེད་པར་ཁྱོན་བསྡོམས་དཔྱད་རྩོམ12བཀོད་ཅིང་།དེའི་ཁྲོད་རྒྱ་ཡིག་གི་དཀྱིལ་སྙིང་དུས་དེབ་སྟེང་དཔྱད་རྩོམ6བཀོད་པ་དང་།ལུའུ་ཡཱ་ཅོན་ལགས་ཀྱིས་གཙོ་སྒྲིག་བྱས་པ་དང་ནུབ་བྱང་མི་རིགས་སློབ་ཆེན་རིག་གཞུང་དཔྱད་འབྲས་པར་བསྐྲུན་ཐེབས་རྩས་རོགས་སྐྱོར་བྱས་ནས་པར་དུ་བསྐྲུན་པའི༼དེང་རབས་ཀྱི་བོད་ཡིག་སྤྱོད་ཚད་ཚིག་མཛོད༽དང་།ལུའུ་ཡཱ་ཅོན་ལགས་ཀྱིས་བརྩམས་ཤིང་ནུབ་བྱང་མི་རིགས་སློབ་ཆེན་བསླབ་ཚན་འཛུགས་སྐྲུན་ཐེབས་རྩས་རོགས་སྐྱོར་བྱས་ནས་པར་དུ་བསྐྲུན་པའི༼སྤྱོད་སྒོ་ཆེ་བའི་བོད་ཡིག་ཚིག་མཛོད༽འདུས་པ་རེད། ལས་གཞི་འདིའི་དཔྱད་འབྲས་ཀྱིས་བོད་སྐད་སྐད་བརྡའི་རིག་མཛོད་འཛུགས་སྐྲུན་དང་།རང་བྱུང་སྐད་བརྡའི་བཅོས་སྒྲིག བོད་རྒྱ་སྐད་གཉིས་ཀྱི་འཕྲུལ་ཆས་ལོ་ཙཱ་བཅས་སུ་རྨང་གཞི་བརྟན་པོ་ཞིག་བཏིངས་ཤིང་།རང་རྒྱལ་བོད་ཁམས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་།སྐད་དང་ཡི་གེའི་ཞིབ་འཇུག་གམ་སློབ་ཁྲིད་ཐད་མཛད་རྗེས་གལ་ཆེན་བསྐྲུན་པ་རེད།