ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-04-19
ད་ལོར། ས་གནས་ཁག་གིས་སློབ་གྲྭ་ཆེན་མོའི་ཡིག་རྒྱུགས་ལ་དམིགས་ཏེ་མུ་མཐུད་བང་རིམ་ཁག་ཅིག་གི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་དང་། མུ་མཐུད་སློབ་གྲྭ་ཆེན་མོའི་དངོས་གཞིའི་ཚན་ཁག་དང་མཐོ་རིམ་ལས་རིགས་སློབ་གྲྭའི་རིགས་དབྱེའི་ཡིག་རྒྱུགས་དང་སློབ་མ་བསྡུ་ཐབས་ལག་བསྟར་བྱེད་རྒྱུ་ཡིན་པ་རེད། སློབ་གསོ་པུའི་སློབ་གསོ་གོང་འཕེལ་ཞིབ་འཇུག་ལྟེ་གནད་ཀྱི་ཀྲུའུ་རེན་ཀྲང་ལིད་ཀྱིས། སློབ་གྲྭ་ཆེན་མོའི་ཡིག་རྒྱུགས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་བྱ་ཐབས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས། རིགས་དབྱེའི་ཡིག་རྒྱུགས་དེས་སློབ་གྲྭ་ཆེན་མོའི་ཡིག་རྒྱུགས་ཀྱིས་ཁྱིམ་ཚང་དང་སྤྱི་ཚོགས་ལ་བཟོས་པའི་གནོན་ཤུགས་ཡང་དུ་གཏོང་ཐུབ་ཅེས་གསུངས་ཡོད་པ་རེད།
ཆིང་ཧྭ་སློབ་ཆེན་སློབ་བསྡུ་གཞུང་ལས་ཁང་གི་ཀྲུའུ་རེན་ཡུད་ཧན་གྱིས་རང་རྟེན་སློབ་མ་བསྡུ་བ་དང་སློབ་གྲྭ་ཆེན་མོའི་ཡིག་རྒྱུགས་སྦྲེལ་མཐུད་བྱས་ཆོག་པ་མ་ཟད། རང་སོ་སོས་སློབ་མ་བསྡུ་བའི་བྱ་ཐབས་མི་འདྲ་བས་སློབ་མ་དང་མཐོ་རིམ་སློབ་གྲྭ་གཉིས་ཀར་ཕན་ཚུན་གདམ་ག་བྱེད་པའི་གོ་སྐབས་ཤིག་སྐྲུན་ཐུབ་ཅེས་གསུངས་ཡོད་པ་རེད།
སློབ་གྲྭ་ཆེན་མོའི་ཡིག་རྒྱུགས་བསྒྱུར་བཅོས་དེ་མ་ལག་ཚང་བའི་ལས་གཞི་ཞིག་ཡིན་པའི་ངོས་ནས། ད་དུང་ཚད་གཞི་ཆེན་པོས་འདྲ་མཉམ་ཡོང་བ་བྱེད་དགོས་པ་དང་། ས་ཆ་གཞན་གྱི་ཡིག་རྒྱུགས་ཇུས་གཞི་འདོན་སྐབས་རང་ས་ཆ་ནས་མིན་པའི་ཞིང་པ་ལས་མི་སོགས་ཀྱི་བུ་ཕྲུག་སློབ་གྲྭར་བསྐྱོད་པའི་གནད་དོན་སོགས་ཀྱི་དོན་དངོས་དགོས་མཁོར་བསམ་གཞིགས་བྱེད་དགོས་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར། མིག་སྔར་བོད་ལྗོངས་ཕུད་ཞིང་ལྗོངས་དང་གྲོང་ཁྱེར་གཞན་ཁག་ཡོངས་ཀྱིས་ལས་ཀའི་ཇུས་གཞི་བཏིང་ཟིན་ཡོད་ཅིང་། དེའི་ནང་ཞིང་ཆེན26གིས་དམའ་འབྲིང་སློབ་ཐོན་ཡིག་རྒྱུགས་ཀྱི་གནད་དོན་ཐག་གཅོད་བྱེད་འགོ་ཚུགས་ཟིན་པ་དང་། ཅང་སུའུ་སོགས་ཞིང་ཆེན་དགུས་སློབ་གྲྭ་ཆེན་མོའི་ཡིག་རྒྱུགས་ཀྱི་གནད་དོན་ཐག་གཅོད་བྱེད་འགོ་ཚུགས་ཟིན་པ། དེ་མིན་ཞིང་ཆེན་མང་པོས་དུས་སང་ནས་བཟུང་སློབ་གྲྭ་ཆེན་མོའི་ཡིག་རྒྱུགས་ཀྱི་ཇུས་གཞི་གཏན་འཁེལ་བྱེད་རྒྱུ་ཡིན་པ་རེད། མིག་སྔར། སློབ་གསོ་པུས་ད་དུང་སྤྱི་བདེ་པུའུ་དང་། བསྒྱུར་བཅོས་དང་གོང་འཕེལ་ཨུ་ཡོན་ལྷན་ཁང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ས་གནས་ཁག་གིས་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10