བོད་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་འབབ་དང་ཡོང་འབབ་འཕར་སྣོན་ཡོང་རྒྱུར་རོགས་རམ་བྱས་པ།

        2013-04-16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཞིང་འབྲོག་མང་ཚོགས་ཀྱི་ཐོན་འབབ་དང་ཡོང་འབབ་འཕར་སྣོན་ཡོང་རྒྱུར་རོགས་རམ་བྱེད་ཆེད། ཉེ་བའི་ལོ་ཤས་ནང་། བོད་རང་སྐྱོང་ལྗོངས་ཀྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱ་ཐབས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཐོན་འབབ་འབྲིང་བ་དང་ཐོན་འབབ་དམའ་བར་ལེགས་བཅོས་དང་། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུའི་བསམ་ཕྱོགས་ལ་གཞིགས་ནས། ས་རྒྱུ་ཞན་པའི་ས་ཞིང་རྣམས་ཕྱོགས་བཞིར་ཞིང་ར་ཆགས་པ་དང་། མུ་འབྲེལ་ནགས་ཚལ་ཆགས་པ། ལམ་བུ་ཤར་གཏོང་ཐུབ་པ། ཆུ་ཡུར་ཡོངས་སུ་ཁྱབ་པ། ཆུ་སྔ་ཙམ་གཏོང་ཐུབ་པ། ཆུ་ལོག་སེལ་ཐུབ་པའི་ཐོན་འབབ་བརྟན་པ་དང་ཐོན་འབབ་མཐོ་བའི་ས་ཞིང་ལ་འགྱུར་བ་བྱས་ནས། མང་ཚོགས་ཀྱི་ཐོན་འབབ་འཕར་སྣོན་དང་ཡོང་འབབ་འཕར་སྣོན་གཏོང་རྒྱུ་དང་། སྐྱེ་ཁམས་ལེགས་བཅོས་གཉིས་ཀར་ཕན་ནུས་ཐོན་ཐུབ་པ་བྱེད་བཞིན་ཡོད་པ་རེད།
     དེ་དང་དུས་མཚུངས། བོད་ལྗོངས་ཀྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཏོང་སྟངས་དེ་དགོས་མཁོ་ལྡང་ཙམ་ནས་གོང་འཕེལ་རང་བཞིན་དང་། སྤུས་ལེགས་རང་བཞིན། ཁོར་ཡུག་སྲུང་སྐྱོང་རང་བཞིན། དེང་རབ་ཅན་བཅས་ཀྱི་ཕྱོགས་སུ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། སྔ་རྗེས་སུ་སྟག་རྩེ་རྫོང་གི་བོད་རག་དང་། ལྷུན་རྩེ་རྫོང་གི་རྩྭ་འདེམས་གླང་གསོ། པ་སྣམ་རྫོང་གི་རྩམ་པ་ལས་སྣོན། ཉང་ཆུའི་ཕག་པ་གསོ་ཚགས། ནག་ཆུའི་གཡག་ཤ་ལས་སྣོན་སོགས་སྣེ་ཁྲིད་ཁེ་ལས་དང་ཞིང་འབྲོག་པའི་མཉམ་ལས་དཔལ་འབྱོར་སྒྲིག་འཛུགས་ལ་རོགས་སྐྱོར་བྱས་ཡོད། རྟེན་གཞི་དང་ཞིང་ཁྱིམ་མཉམ་ལས་དང་། མཐུན་ཚོགས་དང་ཞིང་ཁྱིམ་མཉམ་ལས། རྟེན་གཞི་དང་། ཁེ་ལས། ཞིང་ཁྱིམ་བཅས་མཉམ་ལས་བྱེད་པ་སོགས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་མཉམ་ལས་སྒྲིག་འཛུགས་ཁག་གཅིག་གིས། ཞིང་ལས་གསར་སྤེལ་ཁུལ་དུ་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པ་དང་། ཞིང་ལས་ཐོན་ལས་ཅན་གྱི་ཁེ་གཉེར་བྱེད་རྒྱུར་དེ་བས་སྐུལ་སྤེལ་ཐེབས་ཡོད་པ་རེད།གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ལོ་ལྔའི་འཆར་འགོད་བཅུ་གཉིས་རིང་བོད་ལྗོངས་ཀྱིས་སྒོར་དུང་ཕྱུར20ཙམ་མ་འཇོག་བྱས་ནས། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་གཏོང་རྒྱུ་ལྟེ་བར་བཞག་ནས། ནུས་ཤུགས་ཡོད་རྒུས་རི་དང་། ཆུ། ཞིང་ར། ནགས་ཚལ། ལམ་བུ་བཅས་ཕྱོགས་བསྡུས་ལེགས་བཅོས་བྱེད་པ་དང་། འབད་བརྩོན་ཆེན་པོས་ཚད་གཞི་མཐོ་བའི་ཞིང་ར་འཛུགས་པ་དང་། ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་སྒྲིག་འཛུགས་ལ་རོགས་སྐྱོར་ཧུར་ཐག་བྱེད་པ། ཞིང་འབྲོག་ལས་ཐོན་ལས་ཅན་གྱིས་ཁེ་གཉེར་བྱེད་པར་སྐུལ་སྤེལ་བཏང་ནས། 2015ལོའི་ལོ་མཇུག་བར་སླེབས་སྐབས། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར8000ཟིན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།  །
  • ལེ་ཚན་སྔོན་མ།:བོད་སྐད་ཡིག་ལ་དུས་རབས་འཕེལ་རྒྱས་ཀྱི་ཚེ་སྲོག་གསར་པ་ཐོབ།
  • ལེ་ཚན་རྗེས་མ།:ད་ལོར་མཚོ་སྔོན་གྱིས་ཤུགས་ཆེན་པོས་རོང་འབྲོག་པའི་དབུལ་ཕོངས་མི་གྲངས་ཁྲི2ཇེ་ཉུང་དུ་གཏོང་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།