ཀླུ་འབུམ་བྱམས། ཞིན་ཧྭ་གསར་འགྱུར་དྲ་བ། 2013-04-12
ཟླ་བཞི་བའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བློ་མཐུན་འགྱུར་མེད་རྡོ་རྗེ་ཡི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་མཇལ་འཕྲད་གནང་།
འདི་ནི་ཡུས་ཀྲིན་ཧྲིན་སོགས་ཀྱིས་སྙན་ཞུ་ཚོགས་པའི་ཁོངས་མི་དང་མཉམ་དུ་པར་ལེན་པའི་ཚུལ་རེད།
བློ་མཐུན་འགྱུར་མེད་རྡོ་རྗེ་ཡི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་དེ་ཟླ་བཞི་བའི་ཚེས་བཅུ་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། སྙན་ཞུ་ཚོགས་འདུའི་སྔོན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་མཇལ་འཕྲད་གནང་། ཁོང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་འགྱུར་མེད་རྡོ་རྗེ་ཡི་ཕུལ་བྱུང་གཤིས་སྤྱོད་དང་བླ་མེད་སྙིང་སྟོབས་ལ་སློབ་སྦྱོང་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་པར་ཡར་སྐུལ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།
འགྱུར་མེད་རྡོ་རྗེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་དཔའ་ཞབས་ཞང་གི་སྔོན་ཆད་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞང་ཀྲང་ཡིན་ལ། 2012ལོའི་ཟླ་ལྔ་བར་ནད་ཀྱི་དབང་གིས་བྱ་བའི་ལས་གནས་སྟེང་ཚེ་ལས་འདས། ལོ་སོ་གསུམ་ཡིན། བྱ་བར་ཞུགས་པ་ནས་བཟུང་། འགྱུར་མེད་རྡོ་རྗེ་ཡིས་ཏང་གི་རྩ་བའི་དམིགས་ཡུལ་ཡིད་ལ་བཟུང་སྟེ། བློ་སེམས་རྩེ་གཅིག་གིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཞབས་ཕྱི་བསྒྲུབས་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་དམ་པོ་ཡོད་པའི་དོན་བཟང་དང་དོན་དངོས་མང་པོ་བསྒྲུབས། ཁོ་རང་ཚེ་ལས་འདས་རྗེས། མི་རྣམས་ཀྱིས་ཚུལ་སྣ་ཚོགས་སྒོ་ནས་ཁོ་ལ་བླ་མེད་གུས་སེམས་བསྟན་པ་དང་མྱ་ངན་ཞུས། ཡུས་ཀྲིན་ཧྲིན་གྱིས་འགྱུར་མེད་རྡོ་རྗེ་ཡི་ཁྱིམ་མི་ལ་བྱམས་བརྩེའི་ངང་ཁམས་འདྲི་བྱས། ཁོང་གིས་བློ་མཐུན་འགྱུར་མེད་རྡོ་རྗེ་ཡིས་ཏང་ལ་རྟག་ཏུ་བློ་དཀར་བ་དང་། བློ་རྩ་བརྟན་པ། ནམ་ཡང་གཞི་རིམ་དུ་བསྐྱོད་པ་དང་། བློ་ཁ་དམངས་ལ་ཕྱོགས་པ། དུས་རྟག་ཏུ་མཐུན་སྒྲིལ་ལ་གཅེས་འཛིན་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པ། དུས་ནམ་ཡང་བྱ་བ་བསམ་པ་དང་། རང་ཉིད་ཀྱི་ལང་ཚོ་དང་ཟུངས་ཁྲག་ལ་བརྟེན་ནས་གུང་ཁྲན་ཏང་མིའི་བསྟོད་གླུ་ཞིག་བརྩམས་ཞེས་གསུངས།
ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགར། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་མངོན་གསལ་དུ་ཇེ་ལེགས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དང་། སྤྱི་ཚོགས་ཀྱི་ཆེ་ཕྱོགས་སྤྱིར་ན་བརྟན་འཇགས་ཡིན་མོད། འོད་ཀྱང་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན། བར་ཁྱད་སྔར་བཞིན་ཧ་ཅང་ཆེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཏང་ཡོན་ལས་བྱེད་པས་བློ་མཐུན་འགྱུར་མེད་རྡོ་རྗེ་ཡི་དཀའ་ཁག་ལ་མི་སྐྲག་པ་དང་། དཀའ་སྤྱད་ཀྱིས་དོན་དངོས་བསྒྲུབས་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་དུ་སྤེལ་བར་བརྩོན་ལེན་དང་། མང་ཚོགས་ཀྱི་འཚོ་བ་ངེས་པ་དོན་གྱིས་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་དང་། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བཟང་བོ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10