ཞི་ཅིན་ཕེན་གྱིས་ཨུ་རུ་སི་དང་ཐན་ཙན་ནི་ཡ་སོགས་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཁར་ཨུ་རུ་སིའི་ཐ་སི་གསར་འགྱུར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་སོགས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-03-25

ཞི་ཅིན་ཕེན་གྱིས་ཨུ་རུ་སི་དང་ཐན་ཙན་ནི་ཡ་སོགས་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཁར་ཨུ་རུ་སིའི་ཐ་སི་གསར་འགྱུར་ཁ

  སྤྱི་ཟླ3པའི་ཚེས19ཉིན། ཞི་ཅིན་ཕེན་གྱིས་ཨུ་རུ་སི་དང་ཐན་ཙན་ནི་ཡ་སོགས་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཁར་ཨུ་རུ་སིའི་ཐ་སི་གསར་འགྱུར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་སོགས་ཀྱི་གསར་འགོད་པའི་མཉམ་འབྲེལ་བཅར་འདྲི་དང་ལེན་མཛད།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུ་དང་ཐན་ཙན་ནི་ཡ། ཨ་ཧྥེ་རི་ཁ་ལྷོ་མ། ཁོང་གོ་སྤྱི་མཐུན་རྒྱལ་ཁབ་བཅས་ལ་རྒྱལ་དོན་འཚམས་འདྲི་དང་གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་ལྔ་བར་ཞུགས་ཁར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ3པའི་ཚེས19ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཨུ་རུ་སིའི་ཐ་སི་གསར་འགྱུར་ཁང་དང་། ཨུ་རུ་སི་རྒྱལ་ཡོངས་རླུང་བརྙན་འཕྲིན་ཀུང་ཟི། ཨ་ཧྥེ་རི་ཁ་ལྷོ་མའི་འཁོར་སྐར་བརྙན་འཕྲིན་ཁང་ལྔ་བ། རྒྱ་གར་ཚགས་པར་ལས་རིགས་ཐོ་ལ་སི། པ་ཞིའི་དཔལ་འབྱོར་རིན་ཐང་ཚགས་པར། ཀྲུང་གོའི་ཞིན་ཧྭ་གསར་འགྱུར་ཁང་བཅས་ཀྱི་གསར་འགོད་པའི་མཉམ་འབྲེལ་བཅར་འདྲི་དང་ལེན་མཛད་དེ། ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་བར་གྱི་འབྲེལ་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབུས་མའི་འབྲེལ་བ། གསེར་ལྡན་རྒྱལ་ཁབ་བར་གྱི་མཉམ་ལས། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་སོགས་ཐད་ཀྱི་སྲིད་ཇུས་དང་ལྟ་བ་བརྗོད།

  ཞི་ཅིན་ཕེན་གྱིས་ཐོག་མར་བཅར་འདྲིར་ཡོང་བའི་ཕྱི་རྒྱལ་གྱི་གསར་འགོད་པ་བརྒྱུད་དེ་ཁོ་ཚོའི་རྒྱལ་ཁབ་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཁམས་འདྲི་ཞུས་པ་དང་། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཀྲུང་གོ་མི་དམངས་དང་འཚམས་འདྲིར་འགྲོ་བའི་རྒྱལ་ཁབ་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཟེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཁག་གི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། གསེར་ལྡན་མཉམ་ལས་ལམ་ལུགས་དེ་རིམ་པ་གསར་བ་ཞིག་ཏུ་འཕར་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

  ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་སྐོར་ནས། ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨུ་རུ་སི་ནི་འཐབ་ཇུས་རོགས་ལས་གྲོགས་པོ་ཆེས་གཙོ་བོ་དང་ཆེས་གལ་ཆེན་ཡིན་ལ། ཀྲུང་གོ་མི་དམངས་ཀྱིས་ཨུ་རུ་སིའི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཡོད། རྒྱལ་ཁབ་གཉིས་ཀས་ཕན་ཚུན་གྱི་འཐབ་ཇུས་དང་སྲིད་ཇུས་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དང་། ཕ་རོལ་བའི་ཁེ་ཕན་གཙོ་བོར་རག་ལས་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། མི་གཞུང་བརྗེ་རེས་ཟབ་མོ་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནས་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་བསྟན།

  ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བའི་སྐོར་ནས་ཞི་ཅིན་ཕེན་གྱིས་ཕན་ཚུན་བར་འབྲེལ་བ་བཙུགས་ཏེ་ལོ་བཅོ་ལྔའི་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བ་དེ་གྲོགས་པོའི་འབྲེལ་བ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་གཉིས་ཀ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། གཉིས་ཀས་ཕ་རོལ་ཕྱོགས་དེ་རང་ཉིད་ཀྱི་འཕེལ་རྒྱས་གོ་སྐབས་དང་ཕྱི་ཕྱོགས་འཐབ་ཇུས་ཀྱི་རྒྱབ་རྟེན་གཙོ་བོར་བརྩི་བཞིན་ཡོད། ཕྱོགས་གཉིས་ཀའི་མཉམ་ལས་ལ་ཉིན་བཞིན་འཐབ་ཇུས་ཀྱི་ཤུགས་རྐྱེན་ལྡན་པ་དང་འཛམ་གླིང་གི་དོན་སྙིང་ལྡན་ཞེས་གསུངས།

  ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་བར་གྱི་འབྲེལ་བའི་ཐད་ནས། ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་བར་དུ་ཁྱབ་ཆེ་བའི་ཐུན་མོང་གི་ཁེ་ཕན་ལྡན། ཀྲུང་གོས་ཨ་ཧྥེ་རི་ཁའི་གྲོགས་པོས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་དོ་སྣང་ཆེན་པོ་བྱེད་པའི་གནད་དོན་ཐད་ནས་ཀྲུང་གོར་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ནམ་ཡང་བརྗེད་མི་སྲིད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཀྲུང་གོས་ནམ་རྒྱུན་དང་འདྲ་བར་ཨ་ཧྥེ་རི་ཁའི་ཞི་བདེ་བརྟན་འཇགས་དང་། དར་རྒྱས། འདྲ་མཉམ་གྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཞུགས་པར་རྒྱབ་སྐྱོར་དང་ཡར་སྐུལ་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

  ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བའི་སྐོར་གླེང་སྐབས། ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་རྒྱ་གར་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པས། གཉིས་ཀ་མཉམ་གཅིག་ཏུ་ཞི་བའི་འཕེལ་རྒྱས་དང་། མཉམ་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་ནི། རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ཡིན་ལ། ཨེ་ཤ་ཡ་དང་འཛམ་གླིང་ལ་མཚོན་ནའང་དོན་བཟང་ཆེན་པོ་ཞིག་རེད། ད་ལྟ། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་གིན་ཡོད་པས། ཕྱོགས་གཉིས་ཀས་གོ་སྐབས་དམ་འཛིན་དང་། ཁྱབ་ཁོངས་ཁག་གི་བརྗེ་རེས་དང་མཉམ་ལས་ལེགས་པོར་སྒྲུབ་པ་དང་། ཕ་རོལ་ཕྱོགས་ཀྱི་ཁེ་ཕན་གཙོ་བོ་དང་དོ་སྣང་བྱེད་པའི་གནད་དོན་ལ་གཟིགས་སྐྱོང་གནང་ནས། རྒྱལ་ཁབ་གཉིས་ཀའི་བར་གནས་པའི་གནད་དོན་དང་རྩོད་གཞི་ཐག་གཅོད་བཟང་བོ་བྱས་ཏེ། ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་དགོས་ཞེས་བསྟན།

  ཞི་ཅིན་ཕེན་གྱིས་ད་དུང་པ་ཞིའི་བར་གྱི་འབྲེལ་བ་དང་གསེར་ལྡན་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ཀྱི་དྲི་བར་ལན་བཏབ།  །

  • ལེ་ཚན་སྔོན་མ།:ལིས་ཁི་ཆཱང་གིས་ཨ་མེ་རི་ཁའི་ཙུང་ཐུང་གི་དམིགས་བསལ་འཐུས་མི། ནོར་སྲིད་པུའུ་ཀྲང་ཡ་ཀི་པུའུ•ལུའུ་ལ་མཇལ་འཕྲད
  • ལེ་ཚན་རྗེས་མ།:ལིག་ཡུན་ཧྲན་གྱིས་ཐན་སང་ཉི་ཡ་གསར་བརྗེ་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།