ལྷ་ས་གྲོང་ཁྱེར་གྱིས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ཐང་བོད་མཉམ་འབྲེལ་རྡོ་རིང་ཞིག་གསོ་བྱེད་བཞིན་པ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2013-03-22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་རིག་དངོས་པུའུ་ཡིས་ཉེ་སྔོན་ཐང་བོད་མཉམ་འབྲེལ་རྡོ་རིང་གིས་ར་སྐོར་བཤིག་པའི་ལས་དོན་དངོས་སུ་འགོ་བརྩམས་ཡོད་ལ། ཚོད་རྩིས་ལྟར་ན་ད་ལོའི་སྤྱི་ཟླ5བའི་ནང་དུ་ལེགས་འགྲུབ་བྱུང་རྩིས་ཡོད། དུས་སྐབས་དེར་སླེབས་དུས་ལོ་ངོ་སྟོང་ཕྲག་ལྷག་གི་རྒྱ་བོད་མཛའ་མཐུན་འབྲེལ་བ་མཚོན་བྱེད་ཀྱི་རྡོ་རིང་དེའི་རྣམ་པ་གསར་རྐྱང་དུ་འགྱུར་ངེས་རེད།

གསར་འགོད་པས་སྤྱི་ཟླ3པའི་ཚེས16ཉིན་ས་གནས་དེ་ནས་མཐོང་བ་ལྟར་ན། གྲུ་བཞི་དབྱིབས་ཀྱི་རྡོ་རིང་མགོ་ཁེབས་ཅན་ཞིག་གྱེན་དུ་འགྲེང་ཡོད་པ་མཐོང་ལ། རྡོ་རིང་དེའི་ངོས་བཞི་བོར་ཡིག་འབྲུ་བརྐོས་ཡོད་དེ། མདུན་ངོས་དང་ཕྱོགས་གཡས་གཡོན་གཉིས་ཀྱི་ངོས་སུ་རྒྱ་བོད་ཡིག་རིགས་གཉིས་བརྐོས་ཡོད་པ་དང་། རྒྱབ་ངོས་སུ་བོད་ཡིག་གི་མཉམ་འབྲེལ་མནའ་ཚིག་བརྐོས་ཡོད། དེ་ནི་ཡོང་གྲགས་སུ་ཐང་བོད་མཉམ་འབྲེལ་རྡོ་རིང་ཞེས་པ་དེ་ཡིན་ལ། དབོན་ཞང་མཉམ་འབྲེལ་རྡོ་རིང་ཞེས་ཀྱང་བརྗོད།

ལོ་རྒྱུས་ཡིག་ཆ་ཁག་ཏུ་བཀོད་པར་གཞིག་ན། སྤྱི་ལོ821ལོར། ཐང་རྒྱལ་རབས་དང་བོད་བཙན་པོའི་རྒྱལ་རབས་གཉིས་ཕན་ཚུན་གྲོས་བསྡུར་མཉམ་མཐུན་བྱུང་བ་དང་། སྤྱི་ལོ823ལོར། མཉམ་འབྲེལ་མནའ་ཚིག་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་རྡོ་རིང་སྟེང་དུ་བརྐོས་ཏེ། གཙུག་ལག་ཁང་གི་སྒོ་མདུན་དུ་བཙུགས། རྡོ་རིང་དེའི་སྟེང་དུ་རྒྱ་བཟའ་ཀུང་ཇོ་དང་བལ་བཟའ་ཁྲི་བཙུན་གཉིས་བཙན་པོ་སྲོང་བཙན་སྒམ་པོར་བག་མར་ཕེབས་པ་དང་། ཐང་བོད་གཉིས་ཀྱི་བར་དུ་དབོན་ཞང་འབྲེལ་བ་བཙུགས་པའི་ལོ་རྒྱུས་སོགས་བཀོད་ཡོད།

ཐང་བོད་མཉམ་འབྲེལ་རྡོ་རིང་མ་ཡིན་པའི་གཞན་ད་དུང་ར་སྐོར་དེའི་ནང་དུ་ཐང་རྒྱལ་རབས་ནས་བོད་དུ་དྲངས་བའི་གསོ་སྨན་ལག་ཐབས་སྐོར་གྱི་རྡོ་རིང་ཞིག་ཀྱང་ཡོད་ལ། དེ་དང་མཉམ་དུ་ཡང་ཡོང་ཁུངས་དཔྱད་ཞིབ་མི་ལོན་པའི་ཡི་གེ་མེད་པའི་རྡོ་རིང་ཞིག་ཀྱང་ཡོད། ཞིག་གསོ་ལེགས་འགྲུབ་བྱུང་རྗེས་རྡོ་རིང་དེ་དག་ཚང་མ་མཉམ་དུ་ཕྱིར་མངོན་པ་རེད།

རིག་དངོས་ཀྱི་ཐོག་མའི་རྣམ་པ་བཟོ་བཅོས་མི་གཏོང་བ་ནི་རྡོ་རིང་ཞིག་གསོའི་ལས་དོན་གྱི་རྩ་དོན་ཡིན། ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ལེང་ཆས་ཀྱིས་བཤད་རྒྱུར། ར་སྐོར་བཤིག་འཚག་རྗེས་ང་ཚོས་ལྕགས་ར་དང་ཤེལ་ཁེབས་སོགས་སྤྱད་ནས་རྡོ་རིང་དེར་སྲུང་སྐྱོབ་བྱེད་རྩིས་ཡོད། ལས་གཞི་ལེགས་འགྲུབ་བྱུང་རྗེས་གཙུག་ལག་ཁང་དུ་སླེབས་མཁན་གྱི་སྐུ་མགྲོན་དག་གིས་རྡོ་རིང་དེ་དག་ལ་གཟིགས་ཞིབ་བྱེད་ཆོག་པ་རེད། 

  • ལེ་ཚན་སྔོན་མ།:རྔ་བ་ཁུལ་གྱི་ལས་གཞི8《སི་ཁྲོན་གྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཡུལ་ཚོ་ཕྱོགས་བསྡུས》སུ་ཚུད་པ།
  • ལེ་ཚན་རྗེས་མ།:ཚེ་ལོ་རྒྱལ་གྱི་གྲངས་རིག་དཔེ་དེབ་གཉིས་ལ་དགའ་བསུ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།