བོད་ལྗོངས་སུ་དཔྱིད་རྨོས་དཔྱིད་འདེབས་ཀྱི་གཉའ་སྤྲོའི་མཛོད་སྒོ་འཚོགས་པ།

    བོད་ལྗོངས་རླུང་འཕྲིན་དྲ་བ།    2013-03-20

སྤྱི་ཟླ3པའི་ཚེས16ཉིན་གྱི་སྔ་དྲོ། བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་སྨོན་གྲོང་སྒང་གྲོང་ཚོའི་གྲོང་མི་ཚོས་བོད་ཀྱི་ཁྱད་ཆོས་ལྡན་པའི་དཔྱིད་རྨོས་གཉའ་སྤྲོའི(རྨོན་གཉའ་གཅོག་པའི)མཛད་སྒོ་འཚོགས་ནས་ད་ལོ་ལོ་ལེགས་ཡོང་རྒྱུའི་རེ་སྒུག་བྱས་པ་རེད། སྤྱི་ཟླ3པའི་ཚེས16ཉིན་ནི་བོད་ཟླ2པའི་ཚེས5ཡིན་པ་དང་བོད་ཀྱི་ལོ་ཐོ་ལྟར་ན་དཔྱིད་རྨོས་བྱེད་འགོ་ཚུགས་པའི་ཉིན་ཡག་པོ་ཞིག་རེད། ཉིན་དེའི་ཞོགས་པ་སྔ་པོ་ནས་གཟབ་མཆོར་ལེགས་པར་སྤྲས་པའི་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་སྨོན་གྲོང་སྒང་གི་གྲོང་མི་ཚང་མས་སངས་དང་ཕྱེ་མར། ཇ་སྲུབ་མ། ནས་ཆང་། རྩམ་པ་སོགས་འབྲུ་རིགས་སྣ་ལྔ་ལོ་ལེགས་ཡོང་བའི་མཚོན་རྟགས་དངོས་པོ་ཞིང་ཁར་འཁྱེར་ནས་ད་ལོ་ལོ་ལེགས་ཡོང་རྒྱུའི་སྨོན་ལམ་བཏབ་པ་རེད།

གྲོང་མི་སྤེན་པ་ཚེ་རིང་གིས་རང་ཁྱིམ་གྱི་ཞིང་སྤྱོད་ཐོ་ཕྲུག(ལག་སྐྱོར་འདྲུད་འཐེན་འཁོར་ལོ)བཏང་ནས་ཞིང་ཁའི་རྨོས་འདེབས་ཀྱི་ལམ་བཤངས་པ་དང་། དེ་ནས་སྐར་མ་བཅུ་ཙམ་སོང་རྗེས་ཐོ་ཕྲུག20ཡིས་ས་ཞིང་མུའུ་གཅིག་ཙམ་ལ་རྨོས་བརྒྱབ་པ་རེད། སྤེན་པ་ཚེ་རིང་གི་ངོ་གདོང་ཐོག་རྨོས་འདེབས་ཀྱི་འཛུམ་མདངས་འཕྱུར་བ་དང་། ཁོང་གིས་སྲིད་གཞུང་ནས་ཞིང་འཕྲུལ་ཁ་གསབ་གནང་བས་ད་ཆ་ང་ཚོའི་གྲོང་ཚོའི་ནང་གི་དུད་ཁྱིམ་ཚང་མར་ཐོ་ཕྲུག་རེ་ཡོད། ཐོ་ཕྲུག་བེད་སྤྱད་པ་དེས་ང་ཚོའི་དུས་ཚོད་གྲོན་ཆུང་ཐུབ་ལ་ངལ་རྩོལ་ནུས་ཤུགས་ཀྱི་ཁུར་པོ་ཡང་དུ་ཕྱིན་པ་དང་རྨོས་འདེབས་ཀྱི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ད་ལོ་སླར་ཡང་ལོ་ལེགས་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། ཞིང་ལས་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་འགྱུར་བའི་དབང་གིས་ལོ་ངོ་སྟོང་ཙམ་གྱི་ཕྱུགས་རིགས་ལ་བརྟེན་ནས་ཞིང་ཁ་འདེབས་པའི་རྣམ་པར་འགྱུར་ལྡོག་ཕྱིན་པ་དང་། སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་སྨོན་གྲོང་སྒང་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲེ་པུའུ་ཧྲུའུ་ཅི་ཚེ་བརྟན་གྱིས། ཞིང་ལས་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་འགྱུར་རྗེས་ད་ཆ་ང་ཚོ་གྲོང་ཚོའི་ས་ཞིང་མུའུ500ཉིན་ལྔ་དྲུག་ནང་རྨོས་འདེབས་ཐུབ་པ་དེ་དེ་སྔ་དང་བསྡུར་ན་དུས་ཚོད་ལྡབ་གསུམ་བཞི་ཙམ་ཉུང་དུ་ཕྱིན་པ་དང་། རྨོས་འདེབས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག་ཐོན་ཚད་ཀྱང་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་གསུངས་པ་རེད།

 དཔྱིད་རྨོས་གཉའ་སྤྲོའི་མཛད་སྒོའི་ཐོག་གྲོང་མི་ཚོས་ཞིང་ཁའི་མཐའ་ནས་བསྐོར་ཏེ། གནའ་བོའི་གླུ་དབྱངས་ལེན་ནས་ཆར་ཆུ་བཟང་བ་དང་ལོ་ལེགས་ཡོང་བའི་སྨོན་ལམ་འདེབས་པ་དང་། ཞིང་ནང་དུ་སྙན་འཇེབས་ལྡན་པའི་གླུ་དབྱངས་དང་ཐོ་ཕྲུག་གི་སྐད་སྒྲས་ཁེངས་པ་རེད། སྣེ་གདོང་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་དབང་ཆེན་གྱིས། ད་ལོ་སྣེ་གདོང་རྫོང་གིས་ས་ཞིང་རྒྱ་ཁྱོན་མུའུ་ཁྲི4.1ཙམ་རྨོས་འདེབས་བྱེད་རྩིས་ཡོད་པའི་ནང་ད་ལོ་དཔེ་སྟོན་ཁྱབ་གདལ་གཏོང་རྒྱུའི་ནས་སོན་གསར་པ2000ཞེས་པ་མུའུ2600ལྷག་འདེབས་འཛུགས་བྱེད་རྩིས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

གསར་འགོད་པས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ3པའི་ཟླ་དཀྱིལ་ནས་བཟུང་རང་ལྗོངས་ཀྱི་ཞིང་ཁུལ་དུ་དཔྱིད་རྨོས་དཔྱིད་འདེབས་ཀྱི་ལས་དོན་སྤེལ་འགོ་འཚུགས་པ་དང་། ཉེ་དུས་རང་ལྗོངས་ཀྱི་ས་ཆ་ཁག་ཏུ་གཅིག་མཇུག་གཉིས་མཐུད་ངང་གངས་མ་ཆར་བབས་ནས་ཞིང་ཁའི་བཞའ་ཚན་ཆེ་རུ་ཕྱིན་པ་དེ་དཔྱིད་རྨོས་ལས་དོན་ལ་ཕན་པ་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ཀྲང་ཏི་ཅང་གིས་དམངས་ཆེན་གྲོས་ཚོགས་ཀྱི་དྲིལ་སྒྲོག་བྱ་བར་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་བརྩེ་
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཕྱིར་ལྷ་སར་འབྱོར་བ།
  • དོ་སྣང་ཆེ་བའི་རྩོམ།