མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-20
སྤྱི་ཟླ3པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཁང་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་འཇལ་འཕྲད་གནང་སྟེ་དྲི་བར་ལན་བཏབ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ3པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཁང་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་འཇལ་འཕྲད་གནང་སྟེ་དྲི་བར་ལན་བཏབ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་དང་འགན་ནུས་ལེགས་སྒྱུར་སྐོར་གྱི་དྲི་བར་ལན་འདེབས་སྐབས། ལིས་ཁི་ཆང་གིས་ལས་ཁུངས་བཅོས་སྒྱུར་ནི་ལས་སླ་མོ་ཞིག་མིན་ལ། འགན་ནུས་ལེགས་སྒྱུར་བྱེད་པ་ནི་དེ་བས་དཀའ་ཚེགས་ཆེ་བ་ཞིག་ཡིན་པས། དེ་ལ་ཆོད་སེམས་བརྟན་པོ་དང་། ཁ་བཤད་དོན་ལ་གནས་དགོས་པ་ལས། རྩ་བ་དོར་ནས་རྩེ་མོ་གཏན་ནས་འཛིན་མི་རུང་། སྲིད་གཞུང་གི་འགན་ནུས་བསྒྱུར་ན་ངེས་པར་དུ་སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་སྒྱུར་བ་ནས་མགོ་རྩོམ་དགོས། ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོའི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་རྣམ་གྲངས་ད་དུང1700ལྷག་ཡོད་པ་དང་། སྐབས་འདིའི་སྲིད་གཞུང་གིས་ཆོད་སེམས་ལ་བརྟེན་ནས་ཡང་བསྐྱར་སུམ་ཆའི་གཅིག་ལྷག་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཞེས་གསུངས།
ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ལིས་ཁི་ཆང་གིས་བཅོས་སྒྱུར་དེ་སྔར་ཡོད་ཀྱི་ཁེ་ཕན་ལ་རག་ཡོད་མོད། འོན་ཀྱང་དཀའ་ཁག་ཅི་འདྲ་ཆེ་རུང་སེལ་ཅི་ཐུབ་བྱེད་དགོས། རྒྱུ་མཚན་ནི་བཅོས་སྒྱུར་དེ་རྒྱལ་ཁབ་ཀྱི་ལས་དབང་དང་མི་རིགས་ཀྱི་མདུན་ལམ་ལ་རག་ལས་པ་ཡིན་ཞེས་གསུངས།
ལིས་ཁི་ཆང་གིས་བཅོས་སྒྱུར་གྱི་རྩ་བ་ནི་ལག་ལེན་ཡིན་པས། དཔལ་འབྱོར་གྱི་རྣམ་པ་སྒྱུར་སྐབས་ནོར་སྲིད་དང་དངུལ་རྩ། དངོས་གོང་བཅོས་སྒྱུུར་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པར་མཉམ་འཇོག་དགོས། མངོན་གསལ་དང་ཚད་ལྡན། ཆ་ཚང་བའི་ནོར་སྲིད་སྔོན་རྩིས་ལམ་ལུགས་བཅོས་སྒྱུར་བྱས་ན། མི་དམངས་ཀྱིས་ནོར་སྲིད་ཀྱི་ཡོང་འབབ་དང་འགྲོ་སོང་གི་གནས་ཚུལ་ལ་ལྟ་རྟོག་གང་ལེགས་བྱེད་ཐུབ་པ་དང་། ནོར་སྲིད་གྱི་འགྲོ་སོང་སྔར་ལས་མང་པོ་དེ་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་ཐད་བཀོལ་ཐུབ། རང་རྒྱལ་གྱིས་ད་དུང་ཡོང་འབབ་བགོ་བཤའི་ལམ་ལུགས་དང་སྤྱི་ཚོགས་འགན་སྲུང་ལམ་ལུགས་སོགས་བཅོས་སྒྱུར་རབས་དང་རིམ་པ་སྤེལ་ཏེ། མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་ཡིན་ཞེས་གསུངས།
མཁར་གྲོང་ཅན་དུ་སྒྱུར་བའི་གནད་དོན་སྐོར་གླེང་སྐབས། ལིས་ཁི་ཆང་གིས་རྣམ་པ་གསར་བའི་མཁར་གྲོང་ནི་མི་སྲོག་ཤིང་ཡིན་པའི་མཁར་གྲོང་ཅན་ཡིན་དགོས། དེ་ལ་ལས་ཞུགས་ཀྱི་རྒྱབ་རྟེན་དང་། ཞབས་ཕྱིའི་འགན་སྲུང་ཡོད་དགོས་པ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་གྱིས་འཕེལ་རྒྱས་སུ་གཏོང་བ་དང་། ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་བསྒྲུབ་དགོས། མཁར་གྲོང་ཅན་དུ་སྒྱུར་སྐབས་ད་དུང་ཕྱོགས་གཅིག་ནི་ཚང་ཚིང་གི་ཐོག་ཁང་ཚོགས་དང་ཕྱོགས་གཞན་ཞིག་ནི་མུ་འབྲེལ་གྱི་ཁང་རྙིང་ཡིན་པའི་གནད་དོན་འབྱུང་བར་གཟབ་གཟབ་བྱེད་དགོས། སྐབས་འདིའི་སྲིད་གཞུང་གིས་ཆོད་སེམས་ལ་བརྟེན་ནས་ཡང་བསྐྱར་ཁང་རྙིང་གི་སྡོད་ཁུལ་བྱེ་བ་གཅིག་ལྷག་སྒྱུར་བཀོད་བྱེད་རྒྱུ་ཡིན་ཞེས་གསུངས།
རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་སྐོར་གླེང་སྐབས། ལིས་ཁི་ཆང་གིས་སྐབས་འདིའི་སྲིད་གཞུང་གིས་སྒྲིག་ལམ་སྣ་ཚོགས་གཏན་ལ་ཕབ་ནས། སྲིད་གཞུང་གི་གཞུང་སྤྱོད་ཐོག་ཁང་སྣ་ཚོགས་གསར་དུ་བསྐྲུན་རྒྱུ་མིན་པ་དང་། གཞུང་གིས་གསོ་བའི་མི་སྣ་ཉུང་འཕྲི་བྱེད་པ་ལས་ཁ་སྣོན་མི་བྱེད་ལ། གཞུང་དངུལ་གྱིས་སྣེ་ལེན་མི་བྱེད་པ་དང་། གཞུང་དངུལ་བཀོལ་ཏེ་ཕྱི་རྒྱལ་དུ་མི་འགྲོ་བ། གཞུང་དངུལ་གྱིས་ཉོ་བའི་རླངས་འཁོར་ཇེ་ཉུང་དུ་གཏོང་བ་ལས་ཇེ་མང་དུ་གཏོང་མི་སྲིད། དབང་ཆ་དེ་གཞུང་དོན་དུ་སྤྱོད་པ་ལས། སྒེར་དོན་དུ་སྤྱོད་མི་རུང་ཞེས་གསུངས།
ལིས་ཁི་ཆང་གིས་ནན་གྱིས་གསུངས་དོན། ཀྲུང་གོར་དཔལ་འབྱོར་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་མུ་མཐུད་དུ་གོང་འཕེལ་དུ་གཏོང་བའི་ཆ་རྐྱེན་ལྡན། ཀྲུང་གོ་སྟོབས་འབྱོར་རྒྱས་ནའང་། གཞན་ལ་བཙན་ཤེད་བཀོལ་མི་སྲིད། ཞི་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་ནི་ཀྲུང་གོའི་འགྱུར་བ་མེད་པའི་ཆོད་སེམས་ཡིན་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པ་དེའང་ཀྲུང་གོའི་འགྱུར་བ་མེད་པའི་འདོད་བློ་ཡིན། རྩ་དོན་དེ་གཉིས་མཉམ་དུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ས་ཁུལ་གྱི་བརྟན་འཇགས་སྲུང་སྐྱོང་དང་འཛམ་གླིང་ཞི་བའི་སྒྲིག་ལམ་བརྩི་སྲུང་བྱེད་པའི་ཚད་གཞི་ལའང་མཐུན།
ལིས་ཁི་ཆང་གིས་སྐབས་འདིའི་སྲིད་གཞུང་གིས་ནུས་པ་ཅི་ལྕོགས་ཀྱིས་བཅོས་སྒྱུར་གྱི་ཁེ་བཟང་དེ་མི་དམངས་ཡོངས་ལ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་དང་། རྒན་པ་རྣམས་ཚེ་ཐག་རིང་ཞིང་། ན་གཞོན་རྣམས་གཉོམ་ལག་རྒྱས་པ། རྒྱལ་ཁབ་སྟོབས་འབྱོར་རྒྱས་པའི་སྨོན་འདུན་ཞུ་ཞེས་གསུངས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10