མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གང་འདྲ་བྱས་ནས་ཞིང་གསུམ་གྱི་གོང་འཕེལ་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་གླེང་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-03-19

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་མཁན་འཐུས་མི་ཚོས། གྲོང་རྡལ་ཅན་ལ་འགྱུར་བའི་གོང་འཕེལ་བརྒྱུད་རིམ་ནང་འབྲུ་རིགས་ཐོན་སྐྱེད་དང་མི་འབོར། ཁོར་ཡུག སྤྱི་པའི་ཞབས་ཞུ། ཐོན་ལས་གོང་འཕེལ་སོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་ཐུབ་མིན་དེ་གྲོང་རྡལ་ཅན་རྒྱུན་མཐུད་གོང་འཕེལ་འགྲོ་མིན་དང་ཐད་ཀར་འབྲེལ་བ་ཡོད་ཅེས་གསུངས་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལོ27ཡིན་པའི་སློབ་གྲྭ་ཆེན་མོ་བའི་གྲོང་དཔོན་ཡ་ཧྲེང་ཐུར་ཤུན་གྱིས། གྲོང་རྡལ་ཅན་གྱིས་གྲོང་གསེབ་ཀྱི་མི་འབོར་གྲོང་རྡལ་ནང་འགྲོ་རྒྱུར་བློ་འགུག་བྱེད་ཀྱི་ཡོད་པས་ཞིང་ཁ་འདེབས་མཁན་ཉུང་དུ་འགྲོ་བ་དང་འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་མཁོ་སྤྲོད་ལ་ཤུགས་རྐྱེན་བཟོ་རྒྱུར་ངས་སེམས་འཕྲལ་བྱེད་ཀྱི་ཡོད་ཅེས་བཤད་འདུག

སྤྱི་ལོ2012ལོར་ཞིང་པ་ལས་མིའི་གྲངས་འབོར་དུང་ཕྱུར2.63ཟིན་པ་མ་ཟད་ལོ་རེར་མི་བྱེ་བ་མ་ཟིན་ཙམ་གྱི་མགྱོགས་ཚད་ཐོག་ནས་འཕར་སྣོན་འགྲོ་གི་ཡོད་ཅིང་སླད་ཕྱིན་སུ་ཞིག་གིས་ཞིང་ཁ་འདེབས་པ་དང་ཞིང་ཁ་གང་འདྲ་བྱས་ནས་འདེབས་རྒྱུ་དེ་གཡོལ་ཐབས་མེད་པའི་གནད་དོན་ཞིག་ལ་འགྱུར་རྒྱུ་རེད། འཐུས་མི་ཚོས། འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་ལས་གཙོ་བོ་གཞན་དག་མཁོ་སྤྲོད་འགན་ལེན་བྱེད་ཆེད་ངལ་རྩོལ་པའི་བྱང་ཚད་དང་རྩལ་ནུས་མཐོ་རུ་བཏང་ནས་མཐོ་གསར་ཚན་རྩལ་ཞིང་ལས་གོང་འཕེལ་གཏོང་དགོས་ཀྱི་ཡོད་པའི་ངོས་འཛིན་གནང་འདུག

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས། གྲོང་རྡལ་ཅན་ལ་འགྱུར་བ་བྱེད་རྒྱུ་ནི་རང་རྒྱལ་གྱི་དེང་རབས་ཅན་འཕེལ་རིམ་ཁྲོད་ཀྱི་འཐབ་ཇུས་གདམ་ག་ཡིན། འོན་ཀྱང་མིག་སྔའི་ཐེམ་ཐོ་དང་སྤྱི་ཚོགས་འགན་སྲུང་། སློབ་གསོ་སྨན་བཅོས་སོགས་སྒྲིག་གཞིའི་གནད་དོན་གྱི་ཚོད་འཛིན་ཐེབས་ནས་ཞིང་པ་དོན་དམ་གྱི་གྲོང་མིར་སྒྱུར་རྒྱུའི་ཐད་ད་དུང་གནད་དོན་མི་ཉུང་བ་ཞིག་འཕྲད་ཡོད་ཅེས་བསྟན་འདུག

འཐུས་མི་ཚོས། སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་ལ་འགྱུར་བ་བྱེད་རྒྱུར་འབད་བརྩོན་ཆེན་པོས་སྐུལ་འདེད་བཏང་བ་ཡིན་ན་གཞི་ནས་ཞིང་པ་དོན་དམ་དུ་གྲོང་མིར་སྒྱུར་ཐུབ་ཀྱི་ཡོད་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འགན་བཅོལ་དང་རྒན་གསོའི་འགན་བཅོལ། སྨན་བཅོས་འགན་བཅོལ་བཅས་གཞི་གཅིག་ཅན་ལ་འགྱུར་རྒྱུར་རིམ་བཞིན་སྐུལ་འདེད་གཏོང་བར་མིག་སྔར་ཁེབས་རྒྱ་རྒྱ་ཆེར་གཏོང་བ་དང་འགན་སྲུང་ཆུ་ཚད་དང་གཅིག་གྱུར་འཆར་འགོད་ཀྱི་བང་རིམ་མཐོ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་རྒྱུ་བརྩོན་ལེན་བྱེད་དགོས་ཀྱི་ཡོད་ཅེས་བསྟན་འདུག

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་འཇལ་འཕྲད་གནང་སྟེ་དྲི་བར་ལན་བཏབ་པ།
  • དོ་སྣང་ཆེ་བའི་རྩོམ།