ཨུ་ཡོན་ཏུའུ་ཏིག་ཀྲིས་བོད་ཡིག་མཉེན་ཆས་ཐོན་ལས་ཀྱི་འཕེལ་རྒྱས་ཐད་གྲོས་གཞི་བཏོན་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-03-08

ཨུ་ཡོན་ཏུའུ་ཏིག་ཀྲིས་བོད་ཡིག་མཉེན་ཆས་ཐོན་ལས་ཀྱི་འཕེལ་རྒྱས་ཐད་གྲོས་གཞི་བཏོན་པ།
མཚོ་སྔོན་བློ་བཟང་ཚན་རྩལ་ཀུང་ཟིས་འདོན་སྤེལ་བྱས་པའི་བོད་ཡིག་རྩིས་འཁོར་མཐེབ་གཞོང་།(རྒྱུ་ཆའི་པར་རིས།)

  མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཏུའུ་ཏིག་ཀྲི་ལགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་རྒྱལ་ཁབ་ཀྱིས་བོད་ཡིག་མཉེན་ཆས་ཐོན་ལས་ཀྱི་འཕེལ་རྒྱས་དེ་རྒྱལ་ཡོངས་མཉེན་ཆས་ཐོན་ལས་ཀྱི་འཕེལ་རྒྱས་འཆར་གཞི་ཁྲོད་འཇོག་རྒྱུའི་རེ་བ་བཏོན་པ་རེད།
  ཁོང་གིས་བཤད་རྒྱུར། ཉེ་བའི་ལོ་ནང་རྒྱལ་ཁབ་བཟོ་ལས་ཆ་འཕྲིན་པུའི་རྒྱབ་སྐྱོར་འོག་མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་མཉེན་ཆས་ཞིབ་འཇུག་འདོན་སྤེལ་ཐད་ཚར་དུ་དངར་བའི་བྱས་རྗེས་བླངས་འདུག་པ་སྟེ། 《རྒྱ་ཡིག་དང་བོད་ཡིག་གི་སློབ་གསོའི་སློབ་ཆས་དུས་ཐོག་ཕབ་སྐྲུན་མ་ལག》ལས་གཞི་ལ་རྒྱལ་ཁབ་པར་དབང་ཅུའི་རྩིས་འཁོར་མཉེན་ཆས་རྩོམ་དབང་དུ་ཐོ་འགོད་བྱེད་ཐུབ་པ་དང་། 《བོད་དབྱིན་རྒྱ་གསུམ་གྱི་སྟེགས་བུ་དང་གློག་རྡུལ་ཚིག་མཛོད》ལས་གཞིའི་ཁྲོད་ཀྱི“བོད་ཡིག་རྩིས་འཁོར་མཐེབ་གཞོང་དང་ཡིག་གཏག་ཨང་སྒྲིག་ཐབས་ཀྱི་ཞིབ་འཇུག”ལ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་དང་རྒྱལ་ཁབ་པུའུ་གསུམ་ཨུའི་དམིགས་བསལ་བྱས་རྗེས་བྱ་དགའ། མཚོ་སྔོན་ཚན་རྩལ་ཡར་ཐོན་བྱ་དགའ་སོགས་མང་པོ་ཐོབ་པར་མ་ཟད། བཟོ་ལས་དང་ཆ་འཕྲིན་པུའི“བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་སུམ་ཅུ”ཞེས་པའི་སྨིན་འབྲས་འགྲེམ་སྟོན་ཁྲོད་བཞག་པ་རེད། དེ་མིན《གླིང་གེ་སར་རྒྱལ་པོའི་དྲ་རྒྱའི་རོལ་རྩེད་སྒྲིག་བཟོའི་ཡོ་ཆས་སམ་ཐོན་ཁུངས་ཞིབ་འཇུག་འདོན་སྤེལ་དང་ཐོན་ལས་ཅན་དུ་བསྒྱུར་བ》ཞེས་པའི་ལས་གཞི་ཡིས་མཚོ་སྔོན་ཞིང་ཆེན་ལ་འགུལ་རིས་མཉེན་ཆས་མེད་པའི་སྟོངས་ཆ་བསྐངས་པ་རེད། ཐོན་རྫས་འདི་དག་བོད་ཁམས་སུ་རྒྱ་ཆེན་པོར་བཀོལ་སྤྱོད་བྱས་ནས་མི་རིགས་ས་ཁུལ་གྱི་ཚན་རྩལ་རིག་གནསགོང་དུ་སྤེལ་བར་མཐུན་རྐྱེན་བསྐྲུན་ཞིང་། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡའི་རིགས་ཀྱི་བོད་ཡིག་སྟེགས་བུ་དང་ཡིག་གཏག་མཉེན་ཆས་ཀྱི་སྟོངས་ཆ་བསྐངས་འདུག་ཅེས་བརྗོད་པ་རེད།
  ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་བོད་མི་རིགས་ཀྱི་ཉེར་མཁོའི་མཉེན་ཆས་ཐད་བྱས་རྗེས་མངོན་གསལ་བླངས་འདུག་མོད། ད་དུང་ཐོག་མའི་གོང་སྤེལ་དུས་རིམ་དུ་གནས་ཤིང་། ཁེ་ལས་གཞི་རྒྱ་ཆུང་བ་དང་ཆུ་ཚད་མཐོ་བའི་ཞིབ་འཇུག་འདོན་སྤེལ་མི་སྣ་ཉུང་བ། མཉེན་ཆས་ཐོན་ལས་གོང་སྤེལ་གྱི་མ་དངུལ་མི་འདང་བ་སོགས་ཀྱི་དཀའ་ཁག་གམ་གནད་དོན་མི་ཉུང་བ་ཞིག་འདུག་ཅེས་བརྗོད། དེ་བས་ཁོང་གིས་རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་པུའི་མཉེན་ཆས་ལས་གཞིར་མ་དངུལ་གཏོང་བའི་ཕྱོགས་སྟོན་སྟེང་མཚོ་སྔོན་གྱི་བོད་ཡིག་མཉེན་ཆས་ལས་གཞི་ལ་རྒྱབ་སྐྱོར་གནང་ཐོག  བོད་ཡིག་གི་མཉེན་ཆས་ཐོན་ལས་དེ་རྒྱལ་ཡོངས་ཀྱི་མཉེན་ཆས་ཐོན་ལས་གོང་སྤེལ་དང་རྒྱབ་སྐྱོར་བྱེད་པའི་འཆར་བཀོད་ཁྲོད་འཇོག་རྒྱུའི་གྲོས་གཞི་བཏོན་པ་རེད།

  • ལེ་ཚན་སྔོན་མ།:ལིས་ཁི་ཆཱང་ཧྲན་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  • ལེ་ཚན་རྗེས་མ།:《མཁའ་འབུམ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།