ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-03-08
ཉེ་ལམ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁའ་འབུམ་ཚེ་རིང་གི་དཔེ་དེབ་སྟེ《མཁའ་འབུམ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དེར་ཁོང་གི་དཔྱད་རྩོམ་སམ་བོད་བརྡ་སྤྲོད་དཔྱད་བསྡུར་གྱི་ཐབས་ལམ་སྐོར་གླེང་བ་ཞེས་པ་དང་། ཨ་མདོའི་དམངས་ཁྲོད་ཀྱི་གླུ་གཞས་སྐོར་གླེང་བ། རྒྱ་བོད་ཡིག་སྒྱུར་སྐོར་གྱི་ལྟ་ཚུལ་རེ་གཉིས་སོགས་སྒྲ་རིག་པ་དང་། སྐད་བརྡ་རིག་པ། སྡེབ་སྦྱོར། ཆོས་ལུགས། དམངས་སྲོལ། ལོ་ཙཱ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བའི་དཔྱད་རྩོམ20ལྷག་འདུས་ཡོད།
རྩོམ་པ་པོ་ངོ་སྤྲོད།
མཁའ་འབུམ་ཚེ་རིང་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིག་ཡིན་ཞིང་། མིང་གཞན་ལ་དབྱངས་ཅན་བཞད་པའི་རྡོ་རྗེ་ཟེར། མཚོ་སྔོན་ཞུན་ཧྭ་རྫོང་རྡོ་སྦིས་གཤོང་བ་སྡེ་བའི་མི་ཡིན། 1956ལོར་རྡོ་སྦིས་འདན་མ་དམའ་རིམ་སློབ་ཆུང་ནས་མཐར་ཕྱིན། 1960ལོར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་དང་། 1963ལོར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན། སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཕྱིན་ནས་སྒྲ་རིག་པ་སོགས་ལ་སློབ་གཉེར་བྱས།
དེ་མིན། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མར་བོད་ཡིག་སློབ་ཁྲིད་བྱས་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། ཕ་ཡུལ་དུ་སྔ་གཞུག་ཏུ་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གི་སྲས་ཀྱི་ཐུ་བོ། ལྷ་རམས་པ་སྐལ་བཟང་རྒྱ་མཚོ་དང་། སྔགས་རམས་པ་ཐུབ་བསྟན་སྙིང་རྗེའམ་མཚན་གཞན་ལ་ནོར་བུ། མཁས་དབང་ཚེ་ཏན་ཞབས་དྲུང་ངམ་མཚན་གཞན་ལ་འཇིགས་མེད་རིག་པའི་བློ་གྲོས། དགེ་བའི་བཤེས་གཉེན་འཇམ་དབྱངས་ཀུན་བཟང་རྒྱ་མཚོའམ་མཚན་གཞན་ལ་དཀོན་མཆོག་བཅས་ཀྱི་དྲུང་ནས་ལེགས་བཤད་དང་། བརྡ་སྤྲོད། མངོན་བརྗོད་སོགས་བསླབས། མ་ཟད། དགེ་བའི་བཤེས་གཉེན་བསམ་འགྲུབ་རྒྱ་མཚོ་དང་བློ་བཟང་རྡོ་རྗེ། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། ལྷ་སའི་སློབ་དཔོན་ཆེན་མོ་ཁྲོ་རུ་ཚེ་རྣམ་མཆོག་གི་དྲུང་དུ་སྒྲ་རིག་པའི་དོགས་པ་གཅོད་དུ་ཐེངས་གཉིས་སོང་སོགས་རིག་པའི་རྒྱལ་པོ་དག་ལ་བསྟེན་ནས་སྒྲ་དང་སྙན་ངག་སྡེབ་སྦྱོར་རིག་པ་སོགས་སྦྱངས། བརྩམས་ཆོས་ལ《སྒྲ་མཆན་དཔྱིད་ཀྱི་དགའ་སྟོན》སོགས་དཔེ་དེབ16ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10