མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-07
སྤྱི་ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་ཁོང་ཡོད་སའི་ཧྲན་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་སྤྱི་ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཧྲན་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ལིས་ཁི་ཆཱང་གིས་འཐུས་མི་རྣམས་ཀྱི་གྲོས་བསྡུར་དང་གཏམ་བཤད་ལ་ནན་ཏན་གྱིས་ཉན་པར་མ་ཟད་ཚང་མ་དང་མཉམ་དུ་བསམ་འཆར་བརྗེ་རེས་མཛད།
ལིས་ཁི་ཆཱང་གིས་བསྟན་དོན། བཟོ་ལས་ཅན་དང་ཆ་འཕྲིན་ཅན་གཉིས་ཚད་ཆེས་མཐོ་བའི་སྒོ་ནས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་རྣམ་པ་གསར་བའི་ཅན་བཞི་ཡི་མཚོན་རྟགས་གལ་ཆེན་ཞིག་ཡིན། མཐོ་གསར་ལག་རྩལ་མགྱོགས་མྱུར་སྒོས་ཁྱབ་བརྡལ་དང་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པ་དང་གསར་སྐྲུན་གྱི་ཟུང་ཤུགས་ཡོད་པར་བྱེད་པ་དེ་འཛམ་གླིང་ཐོན་ལས་ཀྱི་སྦྲེལ་ཐག་ཁྲོད་དུ་རང་རྒྱལ་གྱི་གོ་གནས་ཇེ་མཐོར་གཏོང་བའི་གནད་འགག་ཡིན། ཧྲན་ཏུང་ནི་རྒྱ་མཚོའི་ཞིང་ཆེན་ཆེ་ཤོས་ཤིག་ཡིན་ལ། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྦས་ཤུགས་ཆེན་པོ་ཡོད། ང་ཚོས་སྐམ་ས་དང་རྒྱ་མཚོའི་བར་གྱི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བཟང་བོ་བྱས་ཏེ་རྒྱ་མཚོའི་ཐོན་ཁུངས་ལུགས་མཐུན་གྱིས་སྔོག་འདོན་བཀོལ་སྤྱོད་བྱེད་པ་དང་། རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱ་མཚོའི་དཔལ་འབྱོར་དེ་ཁྱབ་ཁོངས་འཕེལ་རྒྱས་ཀྱི་གནད་སར་འགྱུར་བར་བྱེད་དགོས་ཟེར།
ལིས་ཁི་ཆཱང་གིས་གསུངས་རྒྱུར། མཁར་གྲོང་ཅན་དང་དེང་རབས་ཅན་གྱིས་ཕན་ཚུན་ལ་སྣེ་ཁྲིད་བྱེད་རྒྱུ་ནི་རྣམ་པ་གསར་བའི་ཅན་བཞི་ཡི་དགོས་ངེས་ཀྱི་རེ་བ་རེད། མཁར་གྲོང་ཅན་གྱི་ཐེག་ཚད་ནུས་པར་ཤུགས་སྣོན་པ་དང་མཉམ་དུ་ཞིང་སྡེའི་ངལ་རྩོལ་ཐོན་སྐྱེད་ཀྱི་འཕར་ཚད་ཇེ་མཐོར་བཏང་ན་ད་གཟོད་ཞིང་བ་ལས་བཟོ་བས་མཁར་གྲོང་དུ་བདེ་སྡོད་ལས་བརྩོན་བྱེད་ཐུབ་པ་དང་དེང་རབས་ཞིང་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་ཐུབ། དམངས་འཚོའི་བྱ་བར་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཤུགས་ཚད་ངེས་པར་དུ་ཇེ་ཆེར་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲོད་དུ་མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་འདྲ་མཉམ་སྒོས་ཇེ་མཐོར་གཏོང་དགོས་ཟེར།
ལིས་ཁི་ཆཱང་གིས་ཧྲན་ཏུང་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཧྲན་ཏུང་ཞིང་ཆེན་གྱིས་མུ་མཐུད་དུ་རང་ཉིད་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཀུན་གྱི་མདུན་གྲལ་དུ་བསྐྱོད་དགོས་པའི་རེ་བ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10