མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-06
སྤྱི་ཟླ3པའི་ཚེས4ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་ཚོགས་འདུ་བསྡུས། ཝུའུ་པང་གོ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་སྤྱི་ཟླ3པའི་ཚེས4ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་ཚོགས་འདུ་བསྡུས།
གྲ་སྒྲིག་ཚོགས་འདུར་ཞུགས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་བརྡས་ཐག་བཅད་དེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་བདམས།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཝུའུ་པང་གོ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་དེ་སྤྱི་ཟླ3པའི་ཚེས5ཉིན་འཚོགས་རྒྱུ་ཡིན་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ཡོངས་སུ་འགྲུབ་ཡོད་པ་ཁྱབ་བསྒྲགས་མཛད།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་བསྡོམས་པས2997ཡོད་པ་དང་། སྤྱི་ཟླ3པའི་ཚེས3ཉིན་བར། འཐུས་མི2975ཡིས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་འབྱོར་ཐོ་བཀོད། ཉིན་དེའི་གྲ་སྒྲིག་ཚོགས་འདུ་ལ་མི2882ཞུགས་ཡོད་པ་དང་། མི105ཚོགས་ཐོག་ཏུ་ཐོན་མེད། ཚོགས་ཞུགས་མི་གྲངས་བཅའ་ཁྲིམས་ལས་གཏན་ལ་ཕབ་པའི་མི་གྲངས་དང་འཚམ།
ཝུའུ་པང་གོ་ཡིས་གསུངས་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་མཛུབ་སྟོན་བསམ་བློ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་དང་དེ་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། ཏིན་ཞོ་ཕེན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་དབང་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། གྲོས་གཞི་སྣ་ཚོགས་ལ་གྲོས་ཞིབ་བྱེད་པ། རྒྱལ་ཁབ་ལས་ཁུངས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བ་ལེགས་པོར་བསྒྲུབ་པ། དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། ཡར་བསྐྱེད་བཅས་ཀྱི་ཚོགས་ཆེན་ཞིག་འཚོགས་རྒྱུ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པར་སྐུལ་སློང་དང་། དམངས་སེམས་གཅིག་མཐུན། གསར་སྤེལ་བརྩོན་ལེན། བྱ་བ་ལེགས་པོར་བསྒྲུབ་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྒྱལ་ཁ་གསར་བ་ལེན་པར་འབད་འཐབ་བྱེད་རྒྱུ་དེ་ཡིན་ཟེར།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་དོན་གཏན་འབེབས་ལས། ཀྲུའུ་ཞི་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ལ་མགོ་འཛིན་བྱེད་རྒྱུ་གཏན་ལ་ཕབ།
གྲ་སྒྲིག་གྲོས་ཚོགས་སྟེང་བདམས་ཐོན་བྱུང་བའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་ཕྱོགས་སོ་སོའི་འཐུས་མི་དང་བཅས་པའི་བསྡོམས་པས་མི178ཡོད་ལ། དེའི་ནང་དུ་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། ཀྲུང་དབྱང་དམག་ཨུའི་ཨུ་ཡོན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཁབ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ་དང་ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ་ཁག་གི་འགན་འཁུར་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོས་ཁྱེར་སོ་སོ་དང་། ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ། ཁེ་ལས་དང་ཚན་རྩལ། སྤྱི་ཚོགས་ཚན་རིག སློབ་གསོ། རིག་རྩལ། འཕྲོད་བསྟེན། ལུས་རྩལ། ཕྱི་སྡོད་རང་མི་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཡོད་ལ། བཟོ་བ་དང་ཞིང་བ། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག གཞི་རིམ་བཅས་ཀྱི་འཐུས་མི་དང་། མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཡོད། ལིས་ཅན་གོ་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོར་བདམས།
གྲ་སྒྲིག་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ལ་བསྡོམས་པས་ཁག16ཡོད།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གཏན་འབེབས་ལས། སྐབས་རེ་རེའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་དེར། སྐབས་སྔོན་མའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱེད་དགོས་པ་གཏན་ལ་ཕབ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཀྲོ་གོ་དང་། ལུའུ་ཡུང་ཞང་། ཝུའུ་ཡུན་ཆི་མུའུ་ཀི ཧན་ཆི་ཏི། ཧྭ་ཅན་མེན། ཁྲིན་ཀྲི་ལིས། ཀྲིག་ཐུས་ནོང་། ལིས་ཅན་གོ སི་མ་དབྱི་ཐུས་ལི་ཝ་ཨེར་ཏུས། ཅང་ཧྲུའུ་ཧྲིན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། སང་གོ་ཝེ་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10