བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས། 2013-01-15
དཔྱད་གཞིའི་པར་རིས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་བརྒྱད་བསྒྱུར་བཟོ་རིམ་སྤོར་རྣམ་གྲངས་ལག་བསྟར་བྱས་ཚུན། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་འཁྲབ་ཚན་ཐོག་མ་པད་མ་འོད་འབར་བསྒྱུར་བཟོ་དང་རིམ་སྤོར་ལས་དོན་ལེགས་སྒྲུབ་ཟིན་ནས་མི་རིང་བར་གཟིགས་མོ་བའི་སྤྱན་ལམ་དུ་འབུལ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་རྩོམ་སྒྲིག་པ་བསྟན་འཛིན་ཚེ་རིང་ནི་པད་མ་འོད་འབར་བསྒྱུར་བཟོའི་ལས་དོན་གྱི་འགན་འཁུར་བ་ཡིན་པ་དང༌། ཁོང་གིས་གསར་འགོད་པར་འཁྲབ་གཞུང་དེ་བསྒྱུར་བཟོ་བྱེད་སྐབས་འཁྲབ་གཞུང་ནང་གི་མི་སྣའི་གཟུགས་བརྙན་ལ་འགྱུར་བ་མི་གཏོང་བའི་རྨང་གཞིའི་ཐོག་ཁ་སྐད་དང་འཁྲབ་རྩལ་སོགས་ཐད་བཟོ་བཅོས་དང་རིམ་སྤོར་བྱས་ཏེ། མི་སྣའི་གཤིས་ཀ་དང་བརྩེ་གདུང་མཚོན་སྟངས་སོགས་དེ་བས་མངོན་གསལ་དོད་པོ་བྱས་ཡོད་པ་དང་། གར་སྟེགས་ཀྱི་འཁྲབ་སྟོན་ཐད་གསར་གཏོད་གང་ཙམ་བྱས་ཡོད་ཅེས་གསུངས་པ་རེད།
བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་དབུ་འཛིན་གཞོན་པ་དཔལ་ལྡན་གྱིས་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་བསྒྱུར་བཟོ་རིམ་སྤོར་རྣམ་གྲངས་ལག་བསྟར་བྱེད་རྒྱུ་དེ་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་སྙིང་བཅུད་སོར་འཇོག་བྱས་པའི་རྨང་གཞིའི་ཐོག ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལྷ་མོའི་འཁྲབ་གཞུང་བརྒྱད་ཚང་མ་སྔ་རྗེས་སུ་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཐུབ་པ་བྱས་ནས། གཟིགས་མོ་བ་དེ་བས་མང་བས་ལྷ་མོའི་འཁྲབ་གཞུང་གཟིགས་ཐུབ་པ་བྱ་རྒྱུ་ཡིན་པས་ལྷ་མོའི་འཁྲབ་གཞུང་སྲུང་སྐྱོབ་དང་རྒྱུད་འཛིན། གོང་འཕེལ་བཅས་བྱ་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10