ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-01-15
བོད་ལྗོངས་ས་སྐྱ་དགོན་པས་འཆམ་རྒྱག་པའི་ཆོ་ག་སྤེལ་བ།
ཟླ1པོའི་ཚེས10ཉིན། བོད་ལྗོངས་ས་སྐྱ་དགོན་པས་ལོ་རེའི་འཆམ་རྒྱག་པའི་ཆོ་ག་སྤེལ་ཞིང་། ས་གནས་ཀྱི་དད་ལྡན་མང་ཚོགས་སྔ་མོ་ནས་ཡུལ་དངོས་སུ་སླེབས་ཏེ་མཇལ་སྐོར་བྱེད་ཞོར་དུ་འཆམ་འཁྲབ་པར་གཟིགས་མོ་བྱེད་པ་རེད།
བོད་ལྗོངས་ས་སྐྱ་དགོན་པས་འཆམ་རྒྱག་པའི་ཆོ་ག་སྤེལ་བ།
ཞར་བཀོད།
བོད་ཡུལ་གྱི་དགོན་པ་མང་ཆེ་བར་འཆམ་རྒྱག་པའི་སྲོལ་ཡོད་ཅིང་། དེར་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད། བོད་ཀྱི་དགོན་སྡེ་ཁག་གི་གར་འཆམ་ནི་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན། དེའང་བོད་ཀྱི་བསྟན་པ་སྔ་དར་ཏེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་སུ་ཐོག་མར་རྣལ་འབྱོར་བ་རང་ཉིད་ཐ་མལ་བའི་རྟོག་པ་དང་བྲལ་ཏེ་ཡི་དམ་ལྷའི་ང་རྒྱལ་གྱི་ངང་ནས་ལག་ཏུ་མཚོན་ཆ་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་བསྣམས་ནས་འཆམ་རྒྱག་པ་དེ་ནི་གསང་སྔགས་ཀྱི་ཆོས་ལུགས་ཁོ་ནར་བརྩིས་ནས་མི་གཞན་གྱིས་རྩ་བ་ནས་ལྟ་མི་ཆོག་པའི་གསང་བ་ཅན་ཞིག་རེད། དེའི་རྗེས་རིམ་བཞིན་དམངས་ཁྲོད་ཀྱི་ཟློས་གར་དུ་གྱུར་པ་ནི་ལོ་དགུ་བརྒྱ་ཙམ་གྱི་སྔོན་དུ་ཨ་ཅེ་སྣང་སའི་རྣམ་ཐར་གྱི་ཐོག་ནས་རྒྱལ་རྩེ་གནས་རྙིང་དགོན་པའི་འཆམ་གཟིགས་ལྟད་མོ་ནི་སེར་སྐྱ་མི་སྣ་སུ་འདྲ་ཞིག་གིས་ཀྱང་བལྟས་ཆོག་པའི་གར་འཆམ་ཞིག་ཡིན་པ་ར་འཕྲོད་གསལ་པོ་ཐུབ་ཀྱི་ཡོད། གར་འཆམ་གྱི་གཙོ་བོའི་ནང་དོན་ནི་རྣལ་འབྱོར་བའི་མཛད་པ་ཁག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་ཆོས་ལུགས་གྲུབ་མཐའ་ཁག་སོ་སོའི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ཏེ་སངས་རྒྱས་བྱང་སེམས་དང་ཞི་དྲག་མཁའ་འགྲོ་ཡིད་དམ་དངོས་སུ་བྱོན་པའི་ཚུལ་བསྟན་ནས་མི་ཚོར་བསོད་ནམས་ཀྱི་བྱིན་རླབས་གནང་བ་ཞིག་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10