མཚོ་སྔོན་བོད་ཡིག་གསར་འགྱུར། 2013-01-14
2012ལོའི་ཟླ12པའི་ཚེས31ཉིན་གྱི་སྔ་དྲོར། ཝུན་ཅ་པའོ་མཚོ་ངོས་ལས་མུས4000ཡོད་པའི་སྟག་སྡེར་རི་བོའི་ཡང་རྩེར་ཕེབས་ནས་སྐྱེ་རྒུ་གྲོང་རྡལ་གྱི་ས་འགུལ་རྗེས་ཀྱི་བསྐྱར་སྐྲུན་སྤྱིའི་རྣམ་པར་གཟིགས། སྐྱེ་རྒུ་གྲོང་རྡལ་ནི་ཡུས་ཧྲུའུ་ས་འགུལ་ཁྲོད་གནོད་འཚེ་ཚབས་ཆེན་ཐེབས་པའི་གནས་འབའ་ཞིག་ཡིན་པ་དང་། ད་ཐེངས་ནི་ཝུན་ཅ་པའོ་འདི་གར་གཟིགས་ཞིབ་ཕེབས་ཐེངས་གསུམ་པ་ཡིན། 2010ལོའི་ཟླ4པའི་ཚེས14ཉིན་ཡུས་ཧྲུའུ་ལ་ས་འགུལ་བྱུང་བའི་ཕྱི་ཉིན་ཝུན་ཅ་པའོ་གནམ་གྲུར་བཞུགས་ནས་གནོད་ཐེབས་ས་ཁུལ་དུ་ཕེབས་ཡོང་ལ། ཟླ5པའི་ཚེས2ཉིན་ཁོང་ཉིད་ཡང་བསྐྱར་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་དུ་ཕེབས་པ་རེད། ལོ་གཉིས་ལྷག་གི་རིང་ལ། ཁོང་གིས་ཡུས་ཧྲུའུ་ཡི་སླར་གསོ་བསྐྱར་སྐྲུན་ཐད་བཀོད་སྒྲིག་ཐེངས་མང་གནང་།ལོ་ངོ་གཉིས་དང་ཟླ་བ་བརྒྱད་འགོར་བའི་དེ་རིང་སྐྱེ་རྒུ་གྲོང་རྡལ་གྱི་རྣམ་པ་ཡོངས་སུ་འགྱུར་འདུག དེ་སྔའི་ཁང་ཆག་གྱང་རོའི་སྟེང་དུ་ཁང་པ་གསར་བ་ཀྲོང་ངེར་བསྟར་འདུག་ཅིང་། པ་ཏའི་རི་མོ་བསྣོལ་འདྲའི་སྲང་ལམ་ཚར་དུ་དངར་བ་ཡོད་ལ། མི་རིགས་ཀྱི་ཁྱད་ཆོས་ཀྱིས་མངོན་པར་བརྒྱན་པའི་རྟེན་མཛོད་ཁང་དང་གེ་སར་ཐང་ཆེན་སོགས་ཕྲ་ཚོམ་བཞིན་བཀོད་འདུག མིག་སྔར། མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་འཛུགས་སྐྲུན་བྱེད་པ་ཕལ་ཆེར་མཇུག་རྫོགས་ནས་ཕལ་མོ་ཆེ་ནང་དུ་སྤར་ཟིན་ལ། གྲོང་ཁྱེར་དོ་དམ་གྱི་ལས་དོན་དང་གཞིས་ལས་དོ་དམ་སོགས་འབྲེལ་ཡོད་ཆ་སྡེབ་སྒྲིག་བཀོད་ཀྱང་ཕྱོགས་ཡོངས་ནས་འཁོར་སྐྱོད་བྱེད་མགོ་བརྩམས་ཟིན། སློབ་གསོ་དང་འཕྲོད་བསྟེན་ལས་གཞིའི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་ཡིན།
རི་ལས་བབས་རྗེས། ཝུན་ཅ་པའོ་ཡུས་ཧྲུའུ་ཁུལ་ཏང་སྲིད་སྡེ་ཁག་གི་གནས་སྐབས་སྡོད་གནས་དང་སྡོད་དམངས་བར་བརྒལ་བཀོད་སྒྲིག་ས་ཚིགས་སུ་ཕེབས་པར་མ་ཟད་ལས་བྱེད་པ་དང་ལས་བཟོ་པ་དང་མཉམ་དུ་ཞལ་ཟས་བཞེས་ལ། འདྲེ་ལུང་མདའ་སྡེ་ཁུལ་གྱི་དཔལ་ལྡན་རྒྱ་མཚོའི་ཁྱིམ་དུ་ཕེབས་ནས་སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་།
དར་དམར་སློབ་ཆུང་ནི་ཡུས་ཧྲུའུ་ཡི་གནོད་ཐེབས་བསྐྱར་སྐྲུན་རྗེས་ཀྱི་ཨར་ལས་ལས་གཞི་གལ་ཆེན་སྐོར་ཐེངས་དང་པོའི་གྲས་ཀྱི་གཅིག་ཡིན། ཡངས་ཤིང་གསལ་བའི་སློབ་ཁྲིད་ཐོག་ཁང་ནང་དུ། སློབ་ཁང་སྐོར་ཞིག་ཏུ་གློག་ཆས་ཅན་གྱི་སློབ་གསོའི་སྒྲིག་ཆས་མང་པོ་སྒྲིག་སྦྱོར་བྱས་ཡོད། གནས་དེ་རུ།ཝུན་ཅ་པའོ2010ལོར་གནོད་པ་བྱུང་རྗེས་ཡུས་ཧྲུའུ་ལ་གཟིགས་ཞིབ་ཏུ་ཕེབས་དུས་མཐོང་མྱོང་བའི་སློབ་གྲོགས་སྐོར་ཞིག་དང་འཕྲད་བྱུང་བས་མཉེས་གཤིན་དང་དགྱེས་ཚོར་གྱིས་བརྟས་པར་བྱས། བྱིས་པ་རྣམས་ཀྱིས་གླུ་བླངས་ཤིང་བྲོ་འཁྲབ། ཝན་ཅ་པའོ་ཡིས་གསུངས་དོན། གོད་ཆག་བརྒྱུད་མྱོང་བའི་བྱིས་པ་ནི་བྱིས་པ་གཞན་ལས་ལྷག་ཏུ་ཞུམ་མེད་སྟོབས་ལྡན་ཡིན། གོད་ཆག་གིས་ང་ཚོར་གནས་ལུགས་ཤིག་རྟོགས་སུ་བཅུག་པ་ནི། དཀའ་ངལ་ཅི་འདྲ་ཆེ་ཡང་སེལ་ཐབས་ཡོད་པ་དེ་རེད། ཉི་མ་ནམ་ཡང་ཤར་ཡོང་གི་རེད། དེ་རིང་ཇི་བཞིན་ཡུས་ཧྲུའུ་ལ་ཉི་འོད་ཀྱིས་འཕྲོས་འདུག་པ་རེད། ཝུན་ཅ་པའོ་ད་རུང་བརྒྱད་གཅིག་སྨན་ཁང་དུ་ཕེབས་ནས་མང་ཚོགས་ཀྱིས་ནད་སྟོན་སྨན་བཅོས་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གནང་ཞིང་། སྨན་པ་དང་ནད་གཡོག་མི་སྣར་འཚམས་འདྲི་མཛད།
ལོ་ངོ800ལྷག་གི་ལོ་རྒྱུས་ཡོད་པའི་འདམ་དཀར་དགོན་པར་ས་འགུལ་ཁྲོད་དུ་གནོད་འཚེ་ཚབས་ཆེན་ཐེབས་ཡོད།ཝུན་ཅ་པའོ་འདམ་དཀར་དགོན་པ་རུ་ཕེབས་ནས་གྲྭ་བཙུན་རྣམས་ལ་འཚམས་འདྲི་གནང་ཞིང་གསར་དུ་བཞེངས་པའི་འདུ་ཁང་དང་གྲྭ་ཤག་ལ་གཟིགས་ཞིབ་གནང་།ཝུན་ཅ་པའོ་ཡིས་གསུངས་དོན། གནོད་ཐེབས་ས་ཆའི་མི་དམངས་དང་ལྷག་པར་བོད་རིགས་སྤུན་ཟླ་ངའི་སེམས་སུ་བརྗེད་མེད་དུ་བཟུང་ཡོད་ལ། དགོན་སྡེ་དང་ཆོས་ལུགས་མི་སྣ་ངའི་སེམས་སུ་བརྗེད་མེད་དུ་བཟུང་ཡོད། དེ་རིང་དགོན་སྡེ་གསར་དུ་བསྐྱར་བཞེངས་བྱས་པ་མཐོང་བས་ང་རང་ཧ་ཅང་དགའ་བཞིན་ཡོད། ཝུན་ཅ་པའོ་ཡིས་གསུངས་དོན།ཆོས་ལུགས་ནི་རིག་གནས་ཤིག་ཡིན། བོད་ཡུལ་གྱི་མང་ཚོགས་འབོར་ཆེན་ཞིག་གིས་སངས་རྒྱས་ཆོས་ལུགས་ལ་དད་མོས་བྱེད་ལ།སྲིད་གཞུང་གིས་ཀྱང་དེར་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད། དགོན་སྡེ་ངེས་པར་གཙང་མ་ཡིན་དགོས་ལ། གྲྭ་བཙུན་ཚོས་སྡོམ་ཁྲིམས་བསྲུང་དགོས་ཤིང་། སྤྱི་ཚོགས་སྟེང་དུ་སྣང་བརྙན་བཟང་པོ་ཞིག་བསྐྲུན་དགོས།
ཝུན་ཅ་པའོ་ཡིས་རོགས་སྐྲུན་ལས་ཁུངས་ཀྱི་ཤུལ་སྲུང་ལས་བྱེད་པ་དང་ལས་བཟོ་པར་འཚམས་འདྲི་གནང་། ཁོང་གིས་གསུངས་དོན། དེ་རིང་ང་རང་ཡང་བསྐྱར་ཡུས་ཧྲུའུ་རུ་ཡོང་དུས། རང་ཉིད་ཀྱི་མིག་ཟུང་ལ་རང་ཉིད་ཡིད་མི་ཆེས་པ་ཞིག་བྱུང་སོང་། ཡར་ངོའི་ཟླ་བ་བཞིན་རྒྱས་པའི་ཡུས་ཧྲུའུ་གསར་བ་ཞིག་ཀྲོང་ངེར་ལངས་ཡོད།ཡུས་ཧྲུའུ་ཡི་གནོད་ཐེབས་བསྐྱར་སྐྲུན་བྱ་བ་མི་འགྱངས་པར་ཁྱོན་ཡོངས་ནས་འགྲུབ་པར་ཉེ། ང་ཚོས་ངེས་པར་ཆེས་མཐའ་མའི་ལས་ཀ་དེ་ལེགས་པོར་བསྒྲུབས་ཏེ་ཕངས་འགྱོད་མེད་པ་ཞིག་བཟོ་དགོས། ཡུས་ཧྲུའུ་ཡི་བྱ་གཞག་ཡོད་ཚད་དེ་སྔའི་ཆུ་ཚད་སྟེང་ནས་ཐེམ་སྟེགས་གསར་བ་ཞིག་ཏུ་འབུད་ཐབས་བྱ་དགོས། ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན་ཕྱོགས་ཚང་མས་རོགས་སྐྱོར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རྨད་བྱུང་རང་བཞིན་ཡང་ཡིན། ཡུས་ཧྲུའུ་གསར་བ་ནི་འགྱུར་མེད་ཀྱི་དྲན་རྟེན་ཞིག་ཡིན་ལ། དེ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་བློ་བརྟན་འགྱུར་མེད་དང་ཞུམ་མེད་དཔའ་སྤོབས་མངོན་པར་མཚོན།
མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་ཆིང་ཝེ་དང་ལའོ་ཧུའེ་ཉིན། ཝང་ཞའོ་ཆིན། བསྟན་ཁོ། ལིའུ་ཀྲི་ཆིང་སོགས་ཀྱིས་གཟིགས་ཞིབ་འཚམས་འདྲི་གནང་རོགས་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10