པེ་ཅིང་འབྲུག་མོ་བོད་སྐད་བྱ་སྒྲུབ་ཁང་དངོས་སུ་བཙུགས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-01-11

པེ་ཅིང་འབྲུག་མོ་བོད་སྐད་བྱ་སྒྲུབ་ཁང་དངོས་སུ་བཙུགས་པ།
པེ་ཅིང་འབྲུག་མོ་བོད་སྐད་བྱ་སྒྲུབ་ཁང་བཙུགས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ཡུལ་དངོས།

        ཟླ1པོའི་ཚེས1ཉིན་ནི་བོད་རིགས་བུ་མོ་འབྲུག་མོ་སྐྱིད་ལ་མཚོན་ན་དུས་རྒྱུན་དང་མི་མཚུངས་པའི་ཉིན་མོ་ཁྱད་པར་ཅན་ཞིག་ཡིན་ཏེ། མོའི་སྐྱེས་སྐར་གྱི་ཉིན་མོ་ལས་གཞན་ད་དུང་མོའི་བོད་སྐད་བྱ་སྒྲུབ་ཁང་བཙུགས་པའི་ཉིན་མོའང་ཡིན་པ་རེད།
        དེར་བརྟེན་ཟླ1པོའི་ཚེས5ཉིན་གྱི་ཆུ་ཚོད19སྟེང་། པེ་ཅིང་འབྲུག་མོ་བོད་སྐད་བྱ་སྒྲུབ་ཁང་བཙུགས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དེ་པེ་ཅིང་ཤར་གྲོང་ཁུལ་གྱི་སྤྱི་གླིང་ཞིག་ཏུ་སྤེལ་ཞིང་། འདིས་དགའ་སྤྲོའི་ངང་བོད་ཡིག་སྦྱོང་བ་དང་། བདེ་སྐྱིད་ཀྱི་ལམ་དུ་སྙེག་པ་ཞེས་པ་བརྗོད་དོན་དུ་བཟུང་བའི་ཕྱོགས་བསྡུས་རང་བཞིན་གྱི་བོད་སྐད་དང་བོད་ཀྱི་རིག་གནས་མི་སྒེར་སློབ་གསོའི་གསོ་སྦྱོང་ལས་ཁུངས་ཤིག་རྒྱལ་ས་པེ་ཅིང་དུ་བཙུགས་པ་མཚོན་གྱི་ཡོད། 

པེ་ཅིང་འབྲུག་མོ་བོད་སྐད་བྱ་སྒྲུབ་ཁང་དངོས་སུ་བཙུགས་པ།
འབྲུག་མོ་སྐྱིད།

        པེ་ཅིང་འབྲུག་མོ་བོད་སྐད་བྱ་སྒྲུབ་ཁང་འདི་ནི་བོད་རིགས་བུ་མོ་འབྲུག་མོ་སྐྱིད་ཀྱིས་སྤེལ་ཏེ་བཙུགས་པ་ཞིག་ཡིན་ཞིང་། མོ་ནི2003ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་མཐར་ཕྱིན་པ་དང་།  བོད་མི་རིགས་འཕེལ་རྒྱས་ལ་བྱས་རྗེས་ཤིག་འཇོག་པ་དམིགས་སུ་བཟུང་སྟེ་པེ་ཅིང་དུ་བོད་སྐད་གསོ་སྦྱོང་གི་བྱ་ལས་སྒྲུབ་ཅིང་། ལོ་ངོ་བཅུའི་རིང་འབྲུག་མོ་སྐྱིད་ཀྱིས་རྒྱལ་ཁབ་དང་ས་གནས30ཡི་ལས་རིགས་སོ་སོའི་མི300ལྷག་ལ་སྔ་གཞུག་ཏུ་བོད་སྐད་དང་བོད་ཀྱི་རིག་གནས་གསོ་སྦྱོང་བྱས་ཤིང་། འདི་ལྟ་བུའི་གསོ་སྦྱོང་བརྒྱུད་དེ་རྒྱལ་ཁབ་ཕྱི་ནང་གི་བོད་ཡིག་སྦྱོང་མཁན་སློབ་མ་དེ་དག་གིས་བོད་མི་རིགས་དང་བོད་ཀྱི་རིག་གནས་ལ་ཕྱོགས་ཡོངས་དང་ཅུང་གཏིང་ཟབ་སྒོས་རྒྱུས་ལོན་བྱེད་ཐུབ་པ་བྱུང་།
        འབྲུག་མོ་སྐྱིད་ཀྱིས་བཤད་རྒྱུར། ལོ་འདི་འགའི་རིང་དུས་རྒྱུན་བོད་སྐད་ཡིག་སློབ་གསོའི་ཆེད་ལས་སྡེ་ཁག་ཅིག་འཛུགས་རྒྱུ་སྟེ། བོད་སྐད་ཡིག་སློབ་སྦྱོང་མ་ལག་ཅིག་གྲུབ་པ་དང་། བོད་ཀྱི་རིག་གནས་བརྒྱུད་སྒྲོག་བྱས་ཏེ་མི་མང་པོས་བོད་མི་རིགས་ལ་རྒྱུས་ལོན་དང་།  བོད་སྐད་སྦྱོང་འདོད་པའི་མི་མང་པོའི་འདོད་བློ་སྐོང་ཐུབ་ན་བསམ་ཞིང་། རྗེས་ཕྱོགས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་མུ་མཐུད་རྒྱ་བསྐྱེད་རྒྱུ་དང་།  དུས་རབས་ཀྱི་འགྲོས་དང་བསྟུན་ནས་དྲ་ཐོག་སློབ་གསོ་སྤེལ་ཏེ་རྒྱ་ཆེའི་སློབ་གཉེར་བ་དག་ལ་སྔར་ལས་སྟབས་བདེའི་སློབ་སྦྱོང་སྟེགས་བུ་ཞིག་སྐྲུན་པ་དང་། སྒོས་སུ་པེ་ཅིང་དུ་སྡོད་པའི་བོད་མིའི་རྗེས་རབས་པ་རྣམས་ལ་ཕ་སྐད་དང་བོད་ཀྱི་རིག་གནས་ཁྱབ་བརྡལ་དུ་གཏོང་བའི་གསོ་སྦྱོང་བྱ་བར་གཞོལ་ངེས་ཡིན་ཟེར།

  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་ན་ནིང་མ་དངུལ་སྒོར་དུང་ཕྱུར896བཏང་ནས་དམངས་འཚོ་ལེགས་བཅོས་བྱས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་དཔེ་མཛོད་ཁང་གིས་འབྲིང་ཆུང་སློབ་མའི་དཔེ་ཀློག་བྱ་འགུལ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།