མཚོ་སྔོན་གྱིས་ན་ནིང་མ་དངུལ་སྒོར་དུང་ཕྱུར896བཏང་ནས་དམངས་འཚོ་ལེགས་བཅོས་བྱས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར    མཚོ་སྔོན་གསར་འགྱུར་དྲ་བ།    2013-01-11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས7ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ན་ནིང་གི་ཚུན་ནས་བཟུང་། ནོར་སྲིད་ཀྱི་གཏན་འཁེལ་འགྲོ་སོང་ཉིན་བཞིན་ཇེ་མང་ལ་སོང་བ་དང་། དམངས་འཚོའི་སྔོན་ཐོན་གསར་སྐྲུན་གྱི་གནོན་ཤུགས་ཇེ་ཆེར་སོང་བའི་རྣམ་པ་གསར་བར་ཁ་གཏད་དེ། རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་མུ་མཐུད་དུ་འགྲོ་སོང་སྒྲིག་གཞི་ལེགས་བཅོས་དང་དམངས་འཚོ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་འགན་འཁྲི་གཙོ་བོར་བཞག་སྟེ། ལོ་ཧྲིལ་བོར་དམངས་འཚོ་དང་འབྲེལ་བའི་འགྲོ་སོང་སྒོར་དུང་ཕྱུར896ལ་སླེབས་པ་དང་། དེས་ནོར་སྲིད་འགྲོ་སོང་གི75.4%ཟིན་ཡོད་པས། “ནོར་སྲིད་ཆུང་བས་དམངས་འཚོའི་དོན་ཆེན་སྒྲུབ་པའི”ཐབས་ལམ་ཞིག་གསར་སྐྲུན་བྱས། གྲོང་རྡལ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་དང་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ཀྱི་མ་དངུལ་ཧྲག་བསྡུ་ཚད་གཞི་དང་འགན་སྲུང་ཆུ་ཚད། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྱབ་ཚད། གྲོང་རྡལ་ལས་ཤོར་བྱུང་ཚད་ཐོ་འགོད། ལས་བཟོ་བའི་རྒན་གསོ་མ་དངུལ་ཆུ་ཚད། ཞིང་སྡེ་གསར་བའི་སྤྱི་ཚོགས་འགན་སྲུང་ཁྱབ་ཚད་སོགས་དམངས་འཚོའི་དམིགས་ཚད་དེ་ནུབ་རྒྱུད་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། ན་ནིང་མཚོ་སྔོན་གྱིས་སྤྱི་བའི་ནོར་སྲིད་ཀྱི་ཡོང་སྒོ་སྒོར་དུང་ཕྱུར319.7ལེགས་འགྲུབ་བྱས་ལ18.2%འཕར་ཡོད། ནོར་སྲིད་འགྲོ་སོང་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ལས་བརྒལ་ཏེ་སྒོར་དུང་ཕྱུར1188ལེགས་འགྲུབ་བྱས། ནོར་སྲིད་འགྲོ་སོང་སོ་སོའི་ཁྲོད། དམངས་འཚོའི་ཐད་མ་དངུལ་བཏང་བ་ཆེས་མང་ལ། དམངས་འཚོའི་བཟོ་འགོད་ཐད་མ་དངུལ་གཏོང་བའི་བསྒྱུར་བཅོས་ལ་སྐུལ་འདེད་ཐོབ་པ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཀྱི་སྐྱེ་ཁམས་ཁ་གསབ་ལམ་ལུགས་དངོས་འབེབས་བྱས་ལ། སྤྱི་གསོག་མ་དངུལ་ཁ་གསབ་ལམ་ལུགས་བཙུགས་ཤིང་། དམིགས་ཚད་དཔྱད་ཞིབ་བྱ་དགའ་དང་དྲོད་ལེན་མ་དངུལ། མཐའ་འཁོབ་དཀའ་ངལ་ཁ་གསབ་སོགས་ཀྱི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བས། ཤང་གྲོང་གི་སྡོད་དམངས་ཀྱི་ཡོང་སྒོ་ཅུང་མགྱོགས་པོའི་སྒོ་ནས་འཕར་བ་མངོན་འགྱུར་བྱས། ཁེ་ལས་ལས་འཁྱུར་རྒན་གསོ་མ་དངུལ་ཆུ་ཚད་དང་ཤང་གྲོང་སྡོད་དམངས་ཀྱི་རྒན་གསོ་མ་དངུལ་ཚད་ཆུད་མཐོར་འདེགས་བྱུང་ཞིང་། སློབ་གྲྭ་ཆུང་འབྲིང་གི་ཁྱབ་ཚུལ་ལེགས་སྒྲིག་དང་སློབ་གྲྭའི་བདེ་འཇགས་བཟོ་འགོད་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་ཏེ་སློབ་གྲྭ་ཆུང་འབྲིང་ཚད་གཞི་ཅན་གྱི་འཛུགས་སྐྲུན་དང་སློབ་ཞུགས་སྔོན་གྱི་སློབ་གསོའི་བཟོ་འགོད་ལག་བསྟར་བྱས་ཤིང་། ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་ལ། ལས་རིགས་ལག་རྩལ་སློབ་གྲྭའི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་།

ད་ལོར། མཚོ་སྔོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ནོར་སྲིད་འགྲོ་སོང་གི་སྒྲིག་གཞི་ལེགས་བཅོས་བྱས་ཏེ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་ཡིན་པ་དང་། བསྲི་ཚགས་ནན་ཏན་སྒོས་སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་ལ་ཚོད་འཛིན་ནན་ཏན་བྱེད་རྒྱུ་རེད། དམངས་འཚོ་འཛུགས་སྐྲུན་ལ་གཞིགས་ཏེ། ལས་ཞུགས་གཟིགས་སྐྱོང་འཐབ་ཇུས་ལག་བསྟར་བྱེད་པ་དང་། གཙོ་བོ་ལས་ཞུགས་མ་བྱས་པའི་མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཆེད་དམིགས་ལས་ཞུགས་གསོ་སྦྱོང་བཟོ་འགོད་ལ་རོགས་སྐྱོར་བྱས་ཏེ་ལས་ཞུགས་ལས་སྐྲུན་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ལ། ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་གི་ལམ་ལུགས་དང་ཁེ་ལས་ལས་འཁྱུར་ངལ་གསོའི་མི་སྣའི་རྒན་གསོ་འགན་སྲུང་གི་ཐོང་ཐང་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་རོགས་སྐྱོར་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་རྒྱུ་རེད། སློབ་གསོའི་གཟིགས་སྐྱོང་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ནས་ཐབས་ལམ་སྣ་ཚོགས་ཀྱིས་མ་དངུལ་ཧྲག་བསྡུ་བྱས་ཏེ་རིགས་སོ་སོའི་སློབ་གསོ་ཆ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་རྒྱུ་དང་། མགྱོགས་མྱུར་ངང་སློབ་གྲྭ་ཆུང་འབྲིང་གི་ཚད་གཞི་ཅན་གྱི་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སློབ་ཞུགས་སྔོན་གྱི་ལོ་གཅིག་གི་སློབ་གསོ་དང་ལོ་གསུམ་རིང་གི་འབྲིང་རིམ་ལས་རིགས་སློབ་གསོར་མ་དངུལ་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་སུ“1+9+3”སློབ་གསོའི་འགན་སྲུང་ལམ་ལུགས་འཛུགས་པར་རོགས་སྐྱོར་བྱས་ནས་དབུས་ནུབ་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་རྨང་གཞི་ནུས་པ་འཛུགས་སྐྲུན་ལག་བསྟར་བྱེད་རྒྱུ་རེད། ཕྱོགས་ཡོངས་ནས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་མུ་མཐུད་དུ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཞབས་ཞུ་སྒྲིག་ཆས་ལ་རོགས་སྐྱོར་དང་སྨན་བཅོས་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད། །

  • ལེ་ཚན་སྔོན་མ།:དངོས་བྲིས་གློག་བརྙན《གཡང་ཆགས་པའི་ཁམས་ཡུལ》ཞེས་པ་དངོས་སུ་བཏང་བ།
  • ལེ་ཚན་རྗེས་མ།:པེ་ཅིང་འབྲུག་མོ་བོད་སྐད་བྱ་སྒྲུབ་ཁང་དངོས་སུ་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།