མཚོ་སྔོན་པོ་དྲ་བ། 2013-01-10
དངོས་བྲིས་གློག་བརྙན《གཡང་ཆགས་པའི་ཁམས་ཡུལ》ཞེས་པ་དངོས་སུ་བཏང་བ།
ཟླ1པོའི་ཚེས7ཉིན་གྱི་དགོང་མོ། དུས་ཡུན་ལོ་གཅིག་དང་ཕྱེད་ཀའི་རིང་བེད་སྤྱད་དེ་ཕབ་བསྐྲུན་སྒྲིག་བཟོ་བྱས་པའི་ཁམས་ཁུལ་གྱི་རང་བྱུང་དང་མི་ཆོས་མཛེས་ལྗོངས་མཚོན་པའི་དངོས་བྲིས་གློག་བརྙན《གཡང་ཆགས་པའི་ཁམས་ཡུལ》ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཁམས་པ་བརྙན་འཕྲིན་ཁང་དུ་དུས་མཉམ་ངང་བཏང་བ་རེད།
《གཡང་ཆགས་པའི་ཁམས་ཡུལ》ཕབ་སྐྲུན་ཚན་ཆུང་ཁག་གཉིས་སུ་བགོས་ཏེ་སི་ཁྲོན་དང་། བོད་ལྗོངས། ཡུན་ནན། མཚོ་སྔོན། ཀན་སུའུ་སོགས་ཞིང་ཆེན་དུ་བསྐྱོད་དེ་ཕབ་སྐྲུན་བྱས་ཤིང་། ཁམས་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་མཛེས་ལྗོངས། ལོ་རྒྱུས་འགྱུར་ལྡོག འཚོ་བའི་རྣམ་པ་སོགས་བརྗོད་གཞི་རུ་བཟུང་ལ། མཚམས་སྦྱོར་བྱས་པ་ལྟར་ན། གློག་བརྙན་འདིར་གཙང་གསུམ་འབྱུང་ཡུལ་དང་། གླིང་རྗེ་གེ་སར་རྒྱལ་པོ། ཇ་རྟའི་ཚོང་ལམ། དར་མདོ་མཛའ་གཞས། སེམས་ཀྱི་ཉི་ཟླ་བཅས་ཁག་ལྔ་འདུས་ཤིང་། ཁག་རེ་རེའི་མིང་ཡང་ཁམས་པའི་རིག་གནས་ཉིང་བཅུད་མཚོན་པའི་བརྡ་ཆད་གཙོ་བོ་དག་ཡིན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 《གཡང་ཆགས་པའི་ཁམས་ཡུལ》ཞེས་པའི་གློག་བརྙན་འདི་ཚེས11བར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཚན་རིག་སློབ་གསོའི་ལེ་ཚན་དུ་གཏོང་རྒྱུ་ཡིན་པ་དང་། ཁམས་པའི་བརྙན་འཕྲིན་ཁང་གིས་དུས་མཉམ་དུ་བོད་སྐད་པར་གཞིི་གཏོང་བ་རེད། དེ་མིན་གློག་བརྙན་འདི་ཉིད་དབྱིན་ཡིག་པར་གཞི་སྒྲིག་བཟོ་བྱས་ཏེ་ཕྱི་རྒྱལ་དུ་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10