བསམ་འཕེལ་ནོར་བུ། ཀྲུང་གོ་བོད་ཀྱི་དྲ་བ། 2013-01-07
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་རིགས་ན་གཞོན་འཁྲབ་ཁྲིད་པ་བསོད་རྡོ་ཡིས་འཁྲབ་ཁྲིད་བྱས་པའི་བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་སྐབས་བརྒྱད་པའི་ཀྲུང་གོའི་དངོས་བྲིས་གློག་བརྙན་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།
《མཐར་མཇུག་གི་སྦྲ་ནག》ཅེས་པའི་བརྙན་འཕྲིན་ཟློས་གར་འདི་ནི་བོད་ཀྱི་ན་གཞོན་བརྙན་འཕྲིན་ལས་སྒྲུབ་མཁན་སྐུ་ཞབས་བསོད་རྡོ་ཡིས་བརྙན་འཕྲིན་ལས་ཀ་ཁྲོད་ཀྱི་ལས་ཚེགས་དང་ནུས་པ་ཆེས་མང་པོ་བཏོན་པའི་བརྙན་འཕྲིན་བརྩམས་ཆོས་ཆེ་གྲས་ཡིན་ལ། སྟོད་ཆ་དང་སྨད་ཆ་བཅས་ཁག་གཉིས་སུ་བགོས་ཡོད། བརྙན་འཕྲིན་ཟློས་གར་འདི་ལས་གཙོ་འཁྲབ་པ་ཨ་མྱེས་གཡང་ཁོ་དང་ཁོའི་བུ་རིག་དགའ་གཉིས་ཀྱིས་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་བར་གྱི་འགལ་འབྲེལ་ལ་དམིགས་ནས་རང་རང་གི་ལྟ་ཚུལ་དང་གནས་ལུགས་ཟབ་མོ་བརྗོད་པ་སྟེ། སྤྱིར་བཏང་གི་སྟོན་མོ་ཞིག་རྩོད་གཞིར་གྱུར་པ་གཏམ་རྒྱུད་ཀྱི་འགོ་རྩོམ་ས་བྱས་ཡོད་ཅིང་། ཨ་མྱེས་གཡང་ཁོས་སྦྲ་སྟོན་ཟེར་བའི་སྦྲ་ནག་ནང་གི་བོད་ཀྱི་སྟོན་མོ་སྐྱིད་ཚུལ་དང་དེར་རིན་ཐང་ལྡན་ཞིང་ལོ་རྒྱུས་ཀྱི་དོན་སྙིང་ཡོད་པའི་དགོས་པ་འཆད་པ་དང་། བུ་རིག་དགའ་ནི་དགེ་རྒན་ཞིག་ཡིན་པའི་ཆ་ནས། རྫོང་མཁར་དུ་རྡོ་ཁང་ཐོག་བརྩེགས་ཅན་ཞིག་ཉོས་ཡོད་པར་ཁང་སྟོན་བྱེད་རྒྱུའི་བསམ་ཚུལ་བསྟན་པས།ཁོ་གཉིས་བར་ལ་འགལ་ཟླའི་ཚིག་རྩོད་བྱུང་བ་གཏམ་རྒྱུད་ཀྱི་བརྗོད་དོན་དུ་བཟུང་ཡོད་ལ།མཇུག་མཐར་ཨ་ཕ་གཡང་ཁོ་ལགས་རང་གི་མེས་བོའི་ཤུལ་བཞག་རིག་གནས་ལ་དུངས་ཞེན་ཆེ་བ་གཙོ་བྱས་ཐོག གནས་ལུགས་ག་འདྲ་ཡོད་རུང་།རིག་གནས་གང་ཞིག་ཡིན་རུང་།དེར་ལོ་རྒྱུས་ཀྱི་ཁུངས་དང་རྟག་བརྟན་གྱི་རྩ་བ་དགོས་ཕྱིར།རང་གི་རིག་གནས་འདི་འཕེལ་རྒྱས་སུ་གཏོང་དགོས་ན་གཙོ་བོ་མི་རིགས་རང་གི་རུས་རྐང་དུ་ཟུག་པའི་སྲོལ་རྒྱུན་རིག་གནས་འདི་རྒྱུན་འཛིན་དར་སྤེལ་དུ་གཏོང་དགོས་པའི་འཇིག་རྟེན་རྒན་པོ་ཞིག་གི་མི་ཚེའི་མྱོང་ཚོར་རམ་དུངས་ཞེན་རྣལ་མ་དེས་བུ་ཆུང་རིག་དགར་ཡིད་འགུལ་ཐེབས་པ་དང་། མཐར་རིག་དགས་ཕ་མེས་ཡང་མེས་ཀྱི་རླབས་ཆེན་རིག་གནས་ཀྱི་དགེ་བ་ཇི་བཞིན་རྟོགས་ནས་རང་གི་ཨ་ཕའི་བཤད་པའི་སྦྲ་སྟོན་ལ་སྒྲ་སྒྲིག་གང་ལེགས་བྱས་ཏེ། སྡེ་ཕྱི་ནང་གི་མགྲོན་པོ་དང་ཤ་ཉེ་འབྲེལ་ཁྱིམ་ཁ་མང་པོ་མགྲོན་དུ་བོས་ནས་སྟོན་མོ་རྒྱ་ཆེན་པོ་མཛད་དེ《སྦྲ་སྟོན》ཞེས་པའི་སྟོན་མོ་ཞིག་གི་སྒོ་འཕར་ཕྱེ་བའི་གནས་ཚུལ་བཀོལ་ཡོད།
བརྙན་འཕྲིན་ཟློས་གར་འདི2012ལོའི་ལུགས་རྙིང་ལོ་སར་སྐབས་སུ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་ཁང་གི་བོད་སྐད་འཕྲིན་ལམ་ལས་ཐོག་དང་པོར་རྒྱལ་ཡོངས་ཀྱི་ལྟ་མཁན་རྣམ་པར་ལོ་སར་གྱི་ལེགས་སྐྱེས་སུ་ཕུལ་བ་དང་། ཚང་མས་དགའ་བསུ་དང་གདེང་འཇོག་ཚད་མཐོན་པོ་གནང་། རྗེས་ཕྱོགས་མུ་མཐུད་དུ་བསོད་རྡོའི་བརྙན་འཕྲིན་བརྩམས་ཆོས་ཕུལ་དུ་བྱུང་བ་གང་མང་ང་ཚོ་ལྟ་མཁན་རྣམ་པའི་མིག་གི་དགའ་སྟོན་དུ་དབུལ་རྒྱུར་ཡིད་ཆེས་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10