མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-12-31
ཟླ12པའི་ཚེས28ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་། ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་བ་ཚེས28ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་། ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི191ཚོགས་འདུར་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།
ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་ཆེན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་སྐོར་གྱི་ཆོད་དོན་དང་དྲ་རྒྱའི་ཆ་འཕྲིན་སྲུང་སྐྱོབ་ལ་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བཟོ་བཅོས་བྱས་རྗེས་ཀྱི་དངུལ་འཛིན་དངུལ་གཏོང་ཐེབས་རྩའི་བཅའ་ཁྲིམས་དང་རྒན་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་བཟོ་བཅོས་བྱས་པའི་སྐོར་གྱི་ཆོད་དོན། ཞིང་ལས་བཅའ་ཁྲིམས་བཟོ་བཅོས་བྱས་པའི་སྐོར་གྱི་ཆོད་དོན་བཅས་ལ་གྲོས་འཆམ་བྱུང་བྱུང་བ་དང་། མིན་ཅན་ཀྲུའུ་ཡིས་ཞོར་དུ་འཁུར་བའི་སྤྱི་བདེ་པུའུ་ཀྲང་གི་གོ་གནས་བླངས་ཏེ་གོ་ཧྲིན་ཁུན་སྤྱི་བདེ་པུའུ་ཀྲང་དུ་བསྐོ་འཇོག་བྱེད་རྒྱུ་ཐག་བཅད་པར་མ་ཟད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐོ་ཡིས་མིང་བཀོད་པའི་ཀྲུའུ་ཞིའི་བཀའ་ཁྱབ་ཨང་དོན་གཅིག་པ་དང་དོན་གཉིས་པ། དོན་གསུམ་པ། དོན་བཞི་བ། དོན་ལྔ་བ་བཅས་ཁྱབ་བསྒྲགས་བྱས།
ཚོགས་ཐོག་ནས་ད་དུང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་བཅས་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱེད་པར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞི་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་གྲོས་གཞི་སྣ་ཚོགས་ལ་གྲོས་འཆམ་བྱུང་རྗེས་ཝུའུ་པང་གོ་ཡིས་གསུངས་བཤད་གནང་། ཁོང་གིས་གསུངས་རྒྱུར། ཐེངས་འདིའི་གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་སྐོར་གྱི་ཆོད་དོན་གཏན་ཁེལ་བྱས་པ་དང་། ད་ལྟ་ཚོགས་ཆེན་འཚོགས་པར་ད་དུང་ཟླ་གཉིས་ལྷག་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བཟང་བོ་བྱས་ཏེ། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་ནས་སྐབས་འདིའི་དམིགས་འབེན་དང་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་དགོས། དེང་སྐབས་གཙོ་བོ་བྱ་བ་གསུམ་དམ་འཛིན་བྱེད་དགོས། གཅི་ནི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་འདེམ་པའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་དགོས། གཉིས་ནི་རྒྱལ་ཡོངས་དམངས་ཆེན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་རྩ་འཛུགས་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས། གསུམ་ནི་བྱ་བའི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་སྲུང་འཛིན་བྱས་ནས། སྐབས་གསར་བའི་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་ཆ་རྐྱེན་བཟང་བོ་འདོན་སྤྲོད་བྱེད་དགོས་པ་བཅས་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10