བོན་གྱི་ཞིབ་འཇུག་ཆེད་མཁས་པ་སྟོང་སྐོར་ཚེ་རིང་ཐར་ལགས་ནས་འཆད་ཁྲིད་གནང་བ།

ཁྲི་བསོད་བསྟན།    ཧི་མ་ལ་ཡའི་བོན།    2012-12-21

  བོན་གྱི་ཞིབ་འཇུག་ཆེད་མཁས་པ་སྟོང་སྐོར་ཚེ་རིང་ཐར་ལགས་ནས་འཆད་ཁྲིད་གནང་བ།

བོན་གྱི་ཞིབ་འཇུག་ཆེད་མཁས་པ་ཆེན་མོ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་མཚོ་སྔོན་གྱི་སློབ་ཆེན་ཁག་ཏུ་རིག་གཞུང་འཆད་ཁྲིད་གནང་བ། 

བོན་གྱི་ཞིབ་འཇུག་ཆེད་མཁས་པ་སྟོང་སྐོར་ཚེ་རིང་ཐར་ལགས་ནས་འཆད་ཁྲིད་གནང་བ།
སྤྱི་ལོ་2012ལོའི་ཟླ་12པའི་ཚེས་18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4:30སྟེང་ནས་ཆུ་ཚོད་གཉིས་ཙམ་གྱི་རིང་ལ། བོན་གྱི་ཞིབ་འཇུག་ཆེད་མཁས་པ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་བྱང་གླིང་དུ་«དམ་པ་ཁྱུང་གི་རུས་རྒྱུད་ལ་དཔྱད་པ»ཞེས་པའི་གླེང་གཞི་སྤེལ་ཏེ་འཆད་ཁྲིད་ཟབ་རྒྱས་གནང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ནས་ཐེངས་འདིའི་འཆད་ཁྲིད་ལ་མདོ་འཛིན་བྱས་ཤིང་ཚོགས་ར་དེར་ཞུགས་པའི་དགེ་སློབ་རྣམས་ལ་སྐུ་ཉིད་མཚམས་སྦྱོར་དང་ཁོང་གི་ལས་གནས་དང་འབྲེལ་བའི་ཞིབ་འཇུག་གི་ཁ་ཕྱོགས་སོགས་ངོ་སྤྲོད་གནང་།བོན་གྱི་ཞིབ་འཇུག་ཆེད་མཁས་པ་སྟོང་སྐོར་ཚེ་རིང་ཐར་ལགས་ནས་འཆད་ཁྲིད་གནང་བ།

ཐེངས་འདིའི་འཆད་ཁྲིད་«དམ་པ་ཁྱུང་གི་རུས་རྒྱུད་ལ་དཔྱད་པ»ཞེས་པའི་གླེང་བྱ་གཙོ་བོ་ནི། བྱ་ཁྱུང་ལྷ་ལ་འགྱུར་བའི་བརྒྱུད་རིམ་དང་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཁྱུང་རྫོང་། རྒྱལ་མོ་རོང་གི་ཁྱུང་རྫོང་སོགས་སྡེ་ཚན་གསུམ་དུ་ཕྱེས་ནས་ཁྱུང་གི་བྱུང་རབས་དང་ཁྱུང་གི་རུས་རྒྱུད། ཁྱུང་དཀར་ནག་སེར་གསུམ་གྱི་བྱུང་འཕེལ་དང་འབྲེལ་བའི་བོན་གྱི་ཡིག་རྙིང་«ལྟ་བའི་ཕྱོགས་སོ»དང་«ཁྱུང་རབས་མ་ཡིག་གཡུ་མགོ་མ»ལས་བྱ་རུ་ཁྱུང་རུ་རྒོད་རུ་གསུམ་གྱི་བརྡ་དོན་གཙོ་བོ་དང་ཁྱུང་གི་གོ་དོན་རྒྱས་འགྲེལ། དེ་བཞིན་མི་སོ་ཕོ་ཏ་མི་ཡ་(Mesopotamia)སོགས་རྒྱལ་ཁབ་གཞན་གྱི་རིག་གནས་ཁྲོད་སྤྱོད་གྱིན་པའི་བྱ་རུའི་རི་མོ་ཁག་ངོ་སྤྲོད་བཅས་ཁ་གསལ་ཞིང་གོ་བདེ་བ། ནང་དོན་ཕུན་སུམ་ཚོགས་ཤིང་རིག་པའི་གནད་དུ་འཐིང་བའི་རིག་གཞུང་འཆད་ཁྲིད་གནང་། རྗེས་སུ་ཚོགས་ཞུགས་པ་རྣམས་ཀྱིས་ངག་ཡིག་གཉིས་ནས་སྤེལ་བའི་དྲི་བ་བཏོན་པར་བཀའ་ལན་ཞིབ་རྒྱས་སུ་བསྩལ་བ་དང་མཇུག་མཐར་རྒན་ལྕགས་ཐར་རྒྱལ་ལགས་ནས་མཇུག་བསྡུའི་གཏམ་བཤད་དང་བཅས་ལེགས་པར་གྲུབ།
ཡང་སྤྱི་ཟླ་12པའི་ཚེས་19ཉིན་གྱི་དགོང་མོའི་ཆུ་ཚོད་6:00-8:00བར་དུ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་«ཞང་ཞུང་གི་ཡུལ་ཁམས་ལ་དཔྱད་པ»ཞེས་ཆོས་འབྱུང་དུ་གསལ་བའི་ཞང་ཞུང་གི་ཡུལ་གྲུ་སྟེ་སྟོད་མངའ་རིས་སྐོར་གསུམ་དང་། བོན་གྱི་བསྟན་འབྱུང་ཁག་ཏུ་གསལ་བའི་ཞང་ཞུང་སྟེ་ཞང་ཞུང་སྒོ་ཕུག་བར་གསུམ། ཆོས་འབྱུང་དང་བསྟན་འབྱུང་གཉིས་ཀྱི་བཤད་ཚུལ་ལས་ཁྱད་པར་ཆེན་པོ་ཤོར་བའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་འབྲེལ། གཅིག་ནས། ཆོས་འབྱུང་རྣམས་སུ་སྲོང་བཙན་སྒམ་པོའི་སྐབས་སྟོད་མངའ་རིས་སྐོར་གསུམ་ཙམ་དུ་དབང་བསྒྱུར་བའི་ཞང་ཞུང་མ་གཏོགས། དེའི་ཡར་སྔོན་ཏེ་ཆོས་མ་དར་བའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རྣམས་དཀོན་པར་མཐོང་བ་དང་། གཉིས་ནས། སྲོང་བཙན་ཡར་སྔོན་གྱི་ཞང་ཞུང་སྒོ་ཕུག་བར་གསུམ་དུ་བོན་གྱི་བསྟན་པ་གཅིག་པུ་དར་བ་ཡིན་པས། བོན་གྱི་བསྟན་འབྱུང་རྣམས་ལས་བོན་གྱི་བསྟན་པའི་ལོ་རྒྱུས་དང་། ཞང་ཞུང་སྒོ་ཕུག་བར་གསུམ་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཤིན་ཏུ་མང་ཞིང་ཆ་ཚང་བ། གསུམ་ནས། བོད་ལ་དམ་པའི་ཆོས་དར་བ་ནས་བཟུང་སྟེ་བོད་པ་མང་ཤོས་བོན་ནས་བན་ལ་འགྱུར་བའི་རྐྱེན་གྱིས། བན་ལུགས་སུ་བརྗོད་པའི་ཞང་ཞུང་གི་ཡུལ་ཁམས་དེ་གྲགས་ཆེ་རུ་གྱུར་བ་ལས། དེའི་སྔར་བྱུང་བའི་ཞུང་ཞུང་སྟེ་བོན་ལུགས་ཀྱི་ཡིག་ཆ་རྣམས་སུ་གསལ་བ་དེ་ལ་རྒྱུས་ཡོད་མཁན་ཉུང་བར་གྱུར་ཞིང་སྣང་མེད་དུ་འཇོག་མཁན་མང་བ་སོགས་བོད་ཀྱི་ལོ་རྒྱུས་རྣམས་སུ་བཤད་ཚུལ་མི་འདྲ་བའི་རྒྱུ་རྐྱེན་དང་ལྟ་བ་གསལ་རྗེན་དུ་སྟོན་པ་དང་། དུས་རབས་བརྒྱད་པའི་སྐབས་ཀྱི་ཡིག་རྙིང་«ལྟ་བའི་ཕྱོགས་སོ»དང་«སྲིད་པ་སྤྱི་སྐོང་གི་མདོས།» «དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་»སོགས་ལས་འཕྲོས་ཏེ་ཞང་ཞུང་ཞེས་པའི་ཐ་སྙད་དང་ཞང་ཞུང་གི་ཡུལ་གྲུའི་ཁྱབ་ཁོངས། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་མངའ་ཁོངས། རྣམ་འདྲེན་སྟོན་པ་གཤེན་རབ་མི་བོ་མཆོག་སྐྱེ་བ་བཞེས་པའི་ཡུལ་ཞང་ཞུང་འོལ་མོ་ལུང་རིང་གི་བཀོད་པ་དང་ས་ཚིགས་ཀྱི་ཡུལ་དབུས་ངོས་འཛིན་ཚུལ། སྟག་བོད་ཞང་གསུམ་བར་དུ་བྱུང་བའི་ལོ་རྒྱུས་ཀྱི་འབྲེལ་བའི་སྐོར་སོགས་ཚན་རིག་གི་ལྟ་གྲུབ་དང་། གནའ་བོའི་ཞང་ཞུང་དུས་སྐབས་སུ་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དང་ཡུལ་སྲོལ་གོམས་གཤིས། ཞང་ཞུང་རིག་གནས་ཀྱི་ཁྱབ་ཚད་ག་འདྲ་ཡིན་པ་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པའི་སྐོར་སོགས་དཀའ་གནད་གསལ་བཤད་དང་དྲི་བར་བཀའ་ལན་བསྩལ་བ་སོགས་གཏམ་བཤད་གལ་ཆེན་གསུངས། ཐེངས་འདིའི་ཚོགས་རའི་འགོ་འཛིན་པ་འདི་གའི་བོད་རིག་པའི་སློབ་གླིང་གི་གླིང་གཙོའམ་སློབ་དཔོན་ཆེན་མོ་ཟླ་བ་ལགས་ཀྱིས་མཇུག་བསྡུའི་གཏམ་བཤད་དང་བཅས་ཡོངས་སུ་མཇུག་རྫོགས་པའོ།།

 

  • ལེ་ཚན་སྔོན་མ།:《གེ་སར》ལོ་རྒྱུས་སྙན་རྩོམ་སྒྱུ་རྩལ་འགྲེམ་སྟོན་པེ་ཅིང་དུ་སྤེལ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་གྲོལ་བ།
  • དོ་སྣང་ཆེ་བའི་རྩོམ།