ཀྲུང་གོའི་གསར་འགྱུར་དྲ་བ། 2012-12-17
རྣམ་གྲངས་དེ་གཙོ་སྐྱོང་གནང་མཁན་གྱི་དབུ་བཞུགས་ཆེད་མཁས་པ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་གཞན་པའི་ཡིག་ཆ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་སྐལ་བཟང་ཐོགས་མེད་ཀྱིས་བསྟན་དོན། 《བོད་བརྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ》རུ་ནང་ཆོས་ཀྱི་བསྟན་བཅོས《བཀའ་འགྱུར》དང《བསྟན་འགྱུར》གཉིས་གཙོ་བྱས་ཤིང་། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དུས་རབས་སོ་སོས་མཁས་དབང་དང་ཡིག་བསྒྱུར་བ་ཚོའི་བརྩམས་ཆོས་གཞི་བྱས་ནས། བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཐ་སྙད་དག་འདེམས་སྒྲིག་དང་འགྲེལ་བཤད་གནང་བ་རེད། དངོས་ཡོད་དང་སྟངས་འཛིན། དཀྱིལ་གནས། བརྩི་མཐོང་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་དོན་དངོས་རྣམ་པ་དེ་ཕྱིར་མངོན་བྱེད་ཅི་ཐུབ་བྱེད་རྩིས་ཡོད།
《བོད་བརྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ》བསྡོམས་པས་ཚན་ཁག་བཞི་རུ་དབྱེ་ཡོད། དེ་དག་ནི་བོད་བརྒྱུད་ནང་བསྟན་གྱི་མདོ་རྒྱུད་དང་། བོད་བརྒྱུད་ནང་བསྟན་གྱི་སྔགས་རྒྱུད། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་མི་སྣ། བོད་བརྒྱུད་ནང་བསྟན་གནའ་ཤུལ་གནས་མཆོག་ཚིག་མཛོད་བཅས་འདུས། བོད་བརྒྱུད་ནང་བསྟན་གྱི་ཐ་སྙད་རིགས་མི་འདྲ་བ་ཁྲི4ལྷག་བསྒྲིགས་ཡོད་པ་དང་ནང་དོན་གྱི་ཆ་ནས་ཁེབས་རྒྱ་ཧ་ཅང་ཆེ། བོད་བརྒྱུད་ནང་བསྟན་གྱི་རིག་ཚན་མི་འདྲ་བ་ཁག་སོ་སོའི་མིང་ཚིག་དང་ཐ་སྙད། གཏམ་རྒྱུད་གྲགས་ཅན། གཞུང་ལུགས་གལ་ཆེན། མི་སྣ་གྲགས་ཅན། གནའ་ཤུལ་གནས་མཆོག་སོགས་འདུས་ཡོད།
ལན་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབྲུག་ཐར་གྱི་འདོད་ཚུལ་ལྟར་ན། ཚིག་མཛོད་སྒྲིག་པའི་གོ་རིམ་ཁྲོད་དུ། ཐ་སྙད་ཀྱི་འགྲེལ་བ་ཚང་མས་གོ་བདེ་བ་གཙོ་བྱེད་དགོས་ལ། བོད་ཡིག་གི་གསལ་བྱེད་ཀྱི་གོ་རིམ་བཞིན་སྒྲིག་ན་འགྲིག ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་གཙོ་འཛིན་ཞིབ་འཇུག་པ་བསྟན་ཆོས་དང་། ལྷ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱང་ཧྲི་ཧུང་སོགས་ཀྱིས་ཚིག་མཛོད་སྒྲིག་པའི་རྩ་དོན་དང་ཚིག་བསྡུས་མངའ་ཁོངས། ཚིག་འགྲེལ་འགོད་སྟེངས་སོགས་ཀྱི་ཐད་ནས་བསམ་འཆར་གལ་ཆེན་བཏོན།
ཆེད་ལས་མཁས་པ་ཚོས་བགྲོ་གླེང་བྱས་ཏེ་བསྟན་དོན། ད་ལྟའི་བར་དུ་ཐ་སྙད་ཕུན་སུམ་ཚོགས་པ་དང་ནང་དོན་ཚགས་དམ་པའི་བོད་བརྒྱུད་ནང་བསྟན་གྱི་ཚིག་མཛོད་ཆེན་པོ་ཞིག་མེད་པས། རྣམ་གྲངས་དེའི་གྲུབ་འབྲས་ཀྱིས་རིག་གཞུང་གི་སྟོང་ཆ་དེ་བསྐོང་ཐུབ་པའི་རེ་བ་ཡོད་ཅེས་བརྗོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10