ཀླུ་འབུམ་བྱམས། ཞིན་ཧྭ་གསར་འགྱུར་དྲ་བ། 2012-12-18
ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་དེ་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་གྱིས་ཚོགས་ཞུགས་པ་རྣམས་ལ་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཤིས་ཚིག་ཕུལ།
ཤིས་ཚིག་ལས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་བཙུགས་ཏེ་ལོ་རེ་བདུན་འགོར་བའི་རིང་ལ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་བསམ་པ་རྣམ་དག་གིས་མཉམ་ལས་བྱས་ཏེ། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་རྒྱལ་ཁ་ལེན་པ་དང་། འཐབ་ཕྱོགས་གཅིག་གྱུར་དང་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཅེས་བསྟན།
ཤིས་ཚིག་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་ནི་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་རྒྱ་ཆེའི་ཁོངས་མི་དང་བཅས་པའི་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་མཉམ་དུ་འབད་འཐབ་བྱེད་པའི་ཡང་དག་བགྲོད་ལམ་ཡིན་པས། རེ་བ་ལ་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། སྲིད་ཞུགས་ཏང་གི་འགན་ནུས་ལག་བསྟར་བྱེད་པའི་འགན་འཁྲིའི་བསམ་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དཔལ་འབྱོར་ལས་རིགས་ལ་འབྲེལ་འདྲིས་དམ་པོ་བྱེད་པའི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་སྟེང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་ལས་དོན་རྒྱུན་ཆད་མེད་པར་སྐྱོན་བྲལ་བའི་ངང་གོང་དུ་སྤེལ་དགོས་ཞེས་བསྟན། ཤིས་ཚིག་ལས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་སྒྲིག་གཞི་ཡིས་ཅི་ནས་ཀྱང་ལོ་རྒྱུས་ཀྱི་འགན་འཁྲི་དང་རྒྱ་ཆེའི་ཁོངས་མིའི་མངག་བཅོལ་ཆེན་པོ་ཁུར་དུ་ལེན་པ། གནས་བབ་གསར་བ་དང་ལས་འགན་གསར་བའི་རེ་བ་དང་མཐུན་ཐབས་བྱས་ཏེ། རྒྱུན་ཆད་མེད་པར་དམངས་གཙོ་རྒྱལ་འཛུགས་བྱ་བའི་རྣམ་པ་གསར་བ་གསར་སྤེལ་བྱེད་པར་ཡིད་ཆེས་ཡོད་ཅེས་བསྟན།
ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཤིས་ཚིག་ཕུལ་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཁྲང་ཀྲི་ཡིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་སྐབས་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་ལིག་ཡན་ཏུང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལུའུ་ཡུང་ཞང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་པུའུ་ལེ་ཐུས་ཨ་པུའུ་ཏུའུ་རེ་ཞི་ཐུས་སོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་རོང་མེན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས།
ཐེངས་འདིའི་ཚོགས་ཆེན་སྟེང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་སྐབས་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱེད་རྒྱུ་དང་། «ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་སྒྲིག་ཡིག་དག་བཅོས་འཆར་ཟིན»ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་འབྱུང་བ། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་སྐབས་བཅུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་རྒྱུ་སོགས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10