རང་རྒྱལ་གྱིས་གཙོ་གནད་དུ་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ1000སྲུང་སྐྱོབ་དང་སྒྱུར་བཀོད་བྱ་རྒྱུ་ཡིན་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2012-12-17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས《གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་སྲུང་སྐྱོབ་དང་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད(2011—2015ལོ)》པར་འགྲེམས་བྱས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ1000སྲུང་སྐྱོབ་དང་སྒྱུར་བཀོད་བྱེད་དགོས་ཞེས་བཏོན་ཡོད། ཁྱད་ལྡན་གྲོང་ཚོར་ཆ་རྐྱེན་གང་ཡོད་དམ།ཇི་ལྟར་བྱས་ནས་འཆར་འགོད་ལག་བསྟར་བྱེད་དགོས་སམ། སྒྱུར་བཀོད་ཀྱིས་ཕན་འབྲས་གང་ཞིག་ཐོན་པ་བྱེད་དགོས་སམ།གསར་འགོད་པས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་ཞུས་པ་ཡིན།

སྲུང་སྐྱོབ་ཀྱི་དམིགས་ཚད་གསལ་པོ་བཟོ་བ།

ངོ་སྤྲོད་བྱས་པར་གཞིགས་ན།ད་རེས་ཀྱི་སྲུང་སྐྱོབ་བྱ་སྤྱོད་ནང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱི་བསྡུར་ཚད30%ལས་མི་དམའ་བ་དང་། དུད་ཚང་བསྡོམས་འབོར50ལས་མི་དམའ་བ། ཁྱད་ལྡན་ཡུལ་མིའི་སྡོད་ཁང50%ལས་མི་དམའ་བ་བཅས་ལ་གཙོ་གནད་དུ་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད། གཙོ་གནད་རོགས་སྐྱོར་གྲོང་ཚོར་དུས་མཚུངས་སུ་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ཟབ་ཙམ་དང་རིག་གནས་སྲུང་སྐྱོབ་ཀྱི་རིན་ཐང་ཆེ་ཙམ་ཡོད་དགོས་པ་དང་། ཡུལ་གནས་ཀྱི་ཆ་རྐྱེན་ལེགས་ཙམ་དང་ལས་ཀའི་རྨང་གཞི་ངེས་ཅན་ལྡན་དགོས་པ། ས་གནས་སྲིད་གཞུང་དང་གྲོང་མིའི་ཧུར་བརྩོན་རང་བཞིན་ཆེ་ཙམ་ཡོད་དགོས་པ་བཅས་རེད།

སྲུང་སྐྱོབ་དང་སྒྱུར་བཀོད་ཀྱི་དམིགས་ཚད་གང་ཞིག་ཏུ་སླེབས་པ་བྱེད་དགོས་སམ། རྩ་གནད་ནང་མི་འཚོ་གནས་ཀྱི་ཁོར་ཡུག་དང་། མང་ཚོགས་ཀྱི་ཡོང་འབབ། གྲོང་ཚོའི་རྣམ་པ། མི་རིགས་ཀྱི་རིག་གནས། སྤྱི་པའི་ཞབས་ཞུའི་མ་ལགམི་རིགས་ཀྱི་འབྲེལ་བ་བཅས་ཕྱོགས6ཐད་ནས་འཆར་འགོད་བྱས་ཁར་ཆ་ཤས་རེ་རེར་དམིགས་ཚད་གསལ་པོ་བཟོས་ཡོད།

དཔེར་ན།“མི་འཚོ་གནས་ཀྱི་ཁོར་ཡུག”རྣམ་གྲངས་ནང་གྲོང་ཚོའི་ནང་ཁུལ་གྱི་འགྲོ་ལམ་མཁྲེགས་འགྱུར་དང་། འཐུང་ཆུའི་བདེ་འཇགས་ཀྱི་ཚད་གཞི100%ཟིན་པ།རླུང་འཕྲིན་བརྙན་འཕྲིན་དུད་ཚང་གིས་སྤྱོད་ཚད90%ཡན་ཟིན་པ། ཁྱད་ལྡན་གྲོང་མིའི་སྡོད་ཁང་གིས80%ཡན་ཟིན་པ་བཅས་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་ལྟ་བུ་རེད།“མང་ཚོགས་ཀྱི་ཡོང་འབབ”ཀྱི་ཆ་ཤས་ནང“གྲོང་ཚོ་རེར་ཐོན་རྫས་སྣ་རེའི”ཁྱད་ལྡན་ཐོན་ལས་སྤྱིར་ན་ཆགས་པ་བྱེད་ཁར་ཡོང་འབབ་ལེགས་སྐྱེས་འབུལ་ཚད60%ལས་མི་དམའ་བ་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་བརྟན་པོའི་ངང་འཕར་བ་བྱེད་པ་དང་ལོ་རེའི་ཡོང་འབབ་གནས་སའི་རྫོང་གི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་བྱེད་དགོས། གཞན་ཡང་ད་དུང་འགྱུར་མེད་ཀྱི་གཏན་འབེབས་ཁག་གཅིག་ཡོད་པ་དཔེར་ན། སྤྱི་པའི་རིག་གནས་ལུས་རྩལ་གྱི་སྒྲིག་བཀོད་ལེགས་ཚད100%ཟིན་པ་དང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད95%ཡན་ཟིན་པ། ངལ་རྩོལ་ནུས་ཤུགས60%ཡན་ལ་བབ་བསྟུན་སྤྱོད་གོ་ཆོད་པའི་རྩལ་ནུས་གསོ་སྦྱོང་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ། སྤྱི་ཚོགས་འགན་སྲུང་ཡོངས་སུ་ཁྱབ་པ་བྱ་རྒྱུ་སོགས་རེད།མི་སེར་གྱི་སྡོད་ཁང་སྲུང་སྐྱོབ་དང་ཐོན་ལས་གསོ་སྤེལ་བྱེད་དགོས།འཛུགས་སྐྲུན་ནི་རིག་གནས་ཀྱི་ཉིང་བཅུད་ཡིན།རྩ་གནད་ནང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མི་སེར་གྱི་སྡོད་ཁང་ཁག་གཅིག་མྱུར་སྐྱོབ་དང་ཉམས་གསོའམ་ཡང་ན་འཛུགས་སྐྲུན་བྱས་ནས་ཁྱད་ལྡན་གྱི་མི་རིགས་ཀྱི་སྐྲུན་དངོས་ཚོགས་ཁག་གཅིག་ཆགས་པ་བྱེད་དགོས་ཞེས་ཁ་གསལ་བཟོས་ཡོད།

འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན།ལག་བསྟར་རྩ་གནད་ཀྱིས་གནས་ཚུལ་མི་འདྲ་བར་གཞིགས་ནས་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་རེད།དཔེར་ན་ཉམས་གསོ་བརྟན་གཏོང་དང་མེ་སྐྱོན་གྱི་རྐྱེན་ངན་སེལ་བ་སོགས་ཀྱི་བྱེད་ཐབས་སྤྱོད་པ་དང་། གནའ་བོའི་སྐྲུན་དངོས་དང་ཁྱད་ལྡན་གྱི་མི་སེར་སྡོད་ཁང་སྲུང་སྐྱོབ་དང་ཉམས་གསོ་བྱས་ནས་དེའི་སྔར་ཡོད་རྣམ་པ་མཐའ་འཁྱོངས་བྱེད་གང་ཐུབ་བྱེད་པ།གདམ་ག་ཡོད་པའི་ས་བཀྲ་འཆར་འགོད་བྱ་རྒྱུ། གྲོང་མིར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མི་སེར་གྱི་སྡོད་ཁང་གསར་པ་བསྐྲུན་རྒྱུར་ཁྲིད་སྟོན་བྱེད་པ་དང་སྐུལ་ལྕག་གཏོང་བ། གཙོ་གནད་ཡུལ་སྐོར་སྤྲོ་འཆམ་མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་ཁྱད་ཆོས་མེད་པའི་སྐྲུན་དངོས་དེ་དག་ལ“ཞ་གོས་གཡོག་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ་སྒྱུར་བཀོད་བྱེད་ཆོག་པ།དེ་ཉིད་མཐའ་འཁོར་གྱི་ཁོར་ཡུག་དང་མཐུན་སྦྱོར་བྱེད་ཐུབ་པ་བྱེད་པ་བཅས་ལྟ་བུ་རེད།རྩ་གནད་ནང་ད་དུང་ཁྱད་ལྡན་ཐོན་ལས་གསོ་སྤེལ་བྱ་རྒྱུའི་སྐོར་ཞིབ་ཕྲའི་གཏན་འབེབས་བྱས་ནས་གྲོང་མིར“ཞིང་དུད་སྤྲོ་སྐྱིད་ཁང”དང་།“འབྲོག་དུད་སྤྲོ་སྐྱིད་ཁང”“ཉ་དུད་སྤྲོ་སྐྱིད་ཁང”“ཆུ་ཐོག་སྤྲོ་སྐྱིད་ཁང”བཅས་གཙོ་གནད་དུ་འཕེལ་རྒྱས་གཏོང་རྒྱུའི་ཁྲིད་སྟོན་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་གསོ་སྤེལ་དང་གསར་སྤེལ་བྱེད་པ། ཁྱད་ལྡན་གྲོང་ཚོའི་ཡུལ་སྐོར་དཔེ་སྟོན་ས་ཚིགས་ཁག་གཅིག་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཁྱད་ལྡན་གྲོང་ཚོའི་ཡུལ་སྐོར་སྤྲོ་འཆམ་སྤུས་རྟགས་ཆགས་པ་བྱེད་དགོས། དུས་མཚུངས་སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་ཐོན་ལས་སྒྱུར་བཀོད་མཐོར་གཏོང་བྱེད་པ་དང་ས་གནས་དེ་གའི་ས་ཆ་དང་། རྩྭ་ཐང་། ནགས་ས་སོགས་ལེགས་ཆ་ལྡན་པའི་ཐོན་ཁུངས་ལ་གང་ལེགས་བརྟེན་ནས་གནོད་པ་དང་སྦགས་བཙོག་མེད་པའི་ཐོག་མའི་ཐོན་ཁུལ་གྱི“གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན”བཅས་ཀྱི་ཞིང་འབྲོག་ཐོན་ཟོག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་སོགས་བྱེད་དགོས་ཞེས་བསྟན་ཡོད།སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་གཏོང་ཆ་སྣ་ཚོགས་གཏོང་དགོས།རྩ་གནད་ནང་ས་གནས་ཁག་གིས་ཁྱད་ལྡན་གྲོང་ཚོ་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་འཇུག་པ་དང་། སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་གཏོང་བའི་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱེད་པ་བཅས་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད་པ་རེད།  །

 
  • ལེ་ཚན་སྔོན་མ།:ཀྲུང་གོ་རྒྱལ་སྤྱིའི་དྲ་བའི་རིག་གནས་འགྲེམས་སྟོན་པེ་ཅིན་དུ་འཚོགས་པ།
  • ལེ་ཚན་རྗེས་མ།:《བོད་བརྒྱུད་ནང་བསྟན་ཚིག་མཛོད་ཆེན་མོས》རིག་གཞུང་སྟོང་ཆ་ཆེན་པོ་བསྐང་རྩིས་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།