ཀྲུང་གོའི་བོད་ལྗོངས་དྲ་བ། 2012-11-20
ཉེ་སྔོན། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པའམ། ལྷ་ས་གྲོང་ཁྱེར་ཡུལ་ལྗོངས་དངོས་བྲིས་འཁྲབ་སྟོན་རྣམ་གྲངས་ཀྱི་སྣེ་ཁྲིད་པུའུ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ལན་གྱིས་ངོ་སྤྲོད་བྱ་རྒྱུར། ལྷ་ས་གྲོང་ཁྱེར་གྲོང་ཞོལ་ཁུལ་གྱི་ཚལ་གུང་ཐང་ཡུལ་ཚོའི《འུན་ཤིང་ཀོང་ཇོ》ཡུལ་ལྗོངས་དངོས་བྲིས་ཟློས་གར་འཁྲབ་སྟོན་ཁང་དེ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད། ཟླ་འདིའི་ཟླ་དཀྱིལ་དུ་ཐོག་ཁང་གཙོ་བོའི་ལྟད་མོ་བ་འདུག་གནས་དང་ས་སྟེང་གི་རྩེག་དང་པོའི་སྒྲིག་གཞི་གཙོ་བོ་ལེགས་འགྲུབ་བྱེད་པ་དང་། ཟླ12པའི་ཟླ་མཇུག་ཏུ་ཐོག་ཁང་གཙོ་བོའི་ལྟད་མོ་བ་འདུག་གནས་དང་རྩེག་གཉིས་པའི་སྒྲིག་གཞི་གཙོ་བོ་ལེགས་འགྲུབ་བྱེད་པའི་དུས་མཚུངས་སུ། གར་སྟེགས་ཀྱི་གྲུབ་ཆ་འགའ་དང་ཚོང་ལས་ཁྲོམ་རའི་རྨང་གཞིའི་སྒྲིག་གཞི་འཛུགས་སྐྲུན་བཅས་ལེགས་འགྲུབ་བྱེད་རྩིས་ཡོད། ཚོད་རྩིས་བྱས་པ་ལྟར་ན་ལོ་རྗེས་མའི་ཟླ6པའི་ཚེས15ཉིན་ཡོངས་སུ་ལེགས་འགྲུབ་བྱེད་རྩིས་ཡོད་པས། མིག་སྔར་འཛུགས་སྐྲུན་དུས་ཡུན་ལྡོག་རྩིས་བྱེད་བཞིན་པའི་སྒང་རེད། དགུན་གྱི་དུས་ཚིགས་རིང་དུ་དགུན་དུས་ཀྱི་འཛུགས་སྐྲུན་འཆར་གཞི་འགྲུབ་དགོས་པས། ཉིན་གཅིག་གི་རིང་ལའང་ངལ་གསོ་མི་བྱེད་པར། ལས་གཞི་དུས་ལྟར་འགྲུབ་ཐུབ་པར་འགན་ལེན་བྱེད་རྩིས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 《འུན་ཤིང་ཀོང་ཇོ》ཡུལ་ལྗོངས་དངོས་བྲིས་ཟློས་གར་ཆེན་མོའི་འཁྲབ་སྟོན་ཁང་འཛུགས་སྐྲུན་བྱེད་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4བཏང་ཡོད། ལྟད་མོ་ལྟ་ཡུལ་དང་འཁྲབ་སྟོན་བྱ་ཡུལ། འཁྲབ་སྟོན་ཁང་བཅས་ཀྱིས་བསྡོམས་པས་ས་མུའུ100ཟིན་ཡོད། དེ་དག་ལས་ལྟད་མོ་ལྟ་ཡུལ་གྱིས་སྤྱི་ལེ་གྲུབ་བཞི་མ་ཁྲི1.5ལྷག་ཟིན་ཡོད་ལ། ཁང་པ་རྩེག་བཞི་ཅན་དང་མཐོ་ཚད་ལ་སྨི24ཡོད། ལྟད་མོ་ལྟ་ཡུལ་གྱི་འདུག་གནས་རེ་རེར་ཆེད་དུ་དབྱང་རླུང་དང་དྲོད་རླངས་མཁོ་འདོན་བྱེད་པའི་སྒྲིག་ཆས་ཡོད། ཁང་ཐོག་ཏུ་ཡོངས་སུ་ཁེབས་པའི་རྣམ་པ་ཅན་བཀོལ་ཡོད་ལ། གཙོ་བོ་ཆར་འགོག་པའི་ཆེད་དུ་རེད། ལྟད་མོ་བ་འདུག་གནས་སུ་བསྡོམས་པས་མི3000དུས་གཅིག་ཏུ་བསྡད་དེ་ལྟད་མོར་བལྟས་ཆོག ལྟད་མོ་ལྟ་ཡུལ་ལ་རྩེག་རིམ་གསུམ་ཡོད། རྩེག་རིམ་ནང་མ་དང་བཅས་ཏེ་ཚང་མར་གློག་སྒྲོན་གྱི་སྒྲིག་ཆས་བཙུགས་ཡོད་པས། འཁྲབ་སྟོན་བྱེད་པའི་སྐབས་སུ་བརྗོད་བྱ་དང་བསྟུན་ནས་གངས་རི་དང་ནགས་ཚལ་སོགས་སུ་འགྱུར་ཐུབ་པས། ལྟད་མོ་བ་ཚོའི་མིག་དབང་གསོ་བོའི་གསོལ་སྟོན་གཟབ་རྒྱས་ཤིག་འབུལ་ངེས་རེད། ཡུལ་ལྗོངས་དངོས་བྲིས་ཟློས་གར་《འུན་ཤིང་ཀོང་ཇོ》ཞེས་པའང་ལོ་རྗེས་མའི་ཟླ2པའི་ནང་དུ་ལྷ་ས་ནས་སྦྱོང་བརྡར་བྱེད་རྩིས་ཡོད། 《འུན་ཤིང་ཀོང་ཇོ》ཟློས་གར་ཁང་གི་འཁྲབ་ཚན་དེར་འུན་ཤིང་ཀོང་ཇོ་ལྷ་སར་སླེབས་རྗེས། བཙན་པོ་སྲོང་བཙན་སྒམ་པོ་དང་གཉེན་སྒྲིག་བྱས་མཐར་མཇུག་རྫོགས་ཡོད། ཚའོ་ལན་གྱིས་ངོ་སྤྲོད་བྱ་རྒྱུར།
ཡུལ་ལྗོངས་དངོས་བྲིས་ཀྱི་འཁྲབ་ཚན་ཁྲོད་དུ་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་ནས་བསྒྲུབས་པའི་བྱ་གཞག་དག་ཀྱང་བརྗོད་ཡོད། དེ་མིན་ད་དུང་ས་དེའི་དབྱངས་རྩོམ་མཁན་སོགས་གསར་གཏོད་ཚོགས་པར་ཞུགས་རྒྱུ་མ་ཟད། དབྱངས་རྩོམ་པའི་ཐད་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་དུ་འཇུག་རྩིས་ཡོད། ཡུལ་ལྗོངས་དངོས་བྲིས་ཟློས་གར་གྱི་འཁྲབ་གཞུང་རྩོམ་པར། བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་ཐད་ཀྱི་ཆེད་ལས་མཁས་པ་དག་ལ་ཡིག་ངོས་བསམ་འཆར་འདོན་པའི་རེ་ཞུ་བྱས་ཡོད། ཁོང་ཚོས་བསམ་འཆར་བཏོན་པ་དག་གཅིག་ཏུ་བསྡུས་ཏེ་འཁྲབ་གཞུང་ལ་བཟོ་བཅོས་བྱེད་རྩིས་ཡོད། ཟླ་འདིའི་ཟླ་མཇུག་ཏུ་ད་དུང་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ་འཁྲབ་གཞུང་དཔྱད་ཞིབ་ཚོགས་འདུ་འཚོག་རྩིས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ལྗོངས་དངོས་བྲིས་ཟློས་གར་གྱི་འཁྲབ་སྟོན་པ་དང་ལས་ཀ་བ་བསྡོམས་པས་མི6000ཙམ་ཡོད། མིག་སྔར་ཡུལ་ལྗོངས་དངོས་བྲིས་ཟློས་གར་གྱིས་མི་སྣ་བསྡུ་བའི་ལས་དོན་འགོ་བརྩམས་ཡོད་པ་དང་། ལོ་འདིའི་ཟླ12པའི་མཇུག་ཏུ་མི་སྣ་བསྡུ་པའི་ལས་དོན་མཇུག་རྫོགས་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10