ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་བརྟག་ཞིབ་གནང་བ།

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2012-11-20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས18ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཕེབས་ནས། ལས་བྱེད་ལས་བཟོ་པ་དང་ལས་འགན་སྒྲུབ་བཞིན་པའི་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་གནང་བ་མ་ཟད། ཡིག་ཚགས་ཁང་གི་འབྲེལ་ཡོད་ལས་དོན་ཐད་བརྟག་ཞིབ་གནང་བ་རེད།

    ཝུའུ་དབྱིང་ཅེ་ཡིས་ལས་འགན་སྒྲུབ་བཞིན་པའི་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་གནང་སྐབས། དུས་ཡུན་རིང་པོར་ལས་གནས་བརྟན་སྲུང་དང་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད། དཀའ་སྤྱད་འབད་འཐབ་བྱེད་མཁན་དམག་དཔུང་གི་དཔོན་དམག་དང་སྤྱི་བདེ་ལས་བྱེད་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་སྙིང་དབུས་ནས་ཐུགས་བརྗེ་ཆེ་ཞུས་གནང་བ་རེད། ཝུའུ་དབྱིང་ཅེ་ཡིས་དེང་སྐབས་བོད་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས། རྒྱ་ཆེའི་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ཡང་འབད་སྐྱར་འབད་དང་དཀའ་སྤྱད་འབད་འཐབ་ཀྱིས་ལས་གནས་བརྟན་སྲུང་དང་། རང་འགན་གཙང་སྒྲུབ་ཀྱིས་ཏང་དང་མི་དམངས་ཀྱིས་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་ཡག་པོ་འཁུར་ནས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་གནང་བ་རེད།

    རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ། ཝུའུ་དབྱིང་ཅེ་དང་བཅས་པ་ཡིག་ཚང་ཁང་གི་འགྲེམ་སྟོན་ཁང་དང་། ཡིག་ཚགས་མྱུར་སྐྱོབ་ལས་དོན་ཁང་སོགས་ལ་ཕེབས་ནས་ཡིག་ཚགས་ཁང་གི་ལས་དོན་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཡིག་ཚགས་ཁང་གི་ལོ་རྒྱུས་ཡིག་ཚགས་དོ་དམ་ཁང་དང་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག མྱུར་སྐྱོབ་ལས་དོན་ཐད་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ་རེད། ཝུའུ་དབྱིང་ཅེ་ཡིས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དཔྱད་གཞི་ནི། རྒྱལ་ཡོངས་སུ་དམིགས་བསལ་གྱི་གལ་ཆེའི་རིན་ཐང་ལྡན་པ་ཞིག་དང་བོད་རྒྱ་མི་རིགས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པ་ཞིག་ཡིན་པས། མེས་རྒྱལ་གོང་བུ་གཅིག་གྱུར་དང་བོད་རྒྱ་རིག་གནས་སྤེལ་རེས། མི་རིགས་མཐུན་སྒྲིལ་མཛའ་གྲོགས་བཅས་ཀྱི་ལོ་རྒྱུས་དཔང་རྟགས་ཤིག་ཡིན། ལོ་རྒྱུས་ཡིག་ཚགས་དེ་ཚོའི་ཐོག་ནས་བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས། རླབས་ཆེའི་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ར་སྤྲོད་ནུས་ལྡན་ཐུབ་ཡོད། བོད་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་རིགས་ཁག ཡང་དག་ཅིང་ཆ་ཚང་བ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། འཛམ་གླིང་ཡོངས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་མངོན་པ་དང་བོད་རྙིང་པའི་ཡ་ང་བའི་མུན་ནག་སྤྱི་ཚོགས་ཀྱི་རྣམ་པ་མངོན་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དར་རྒྱས་གོང་འཕེལ་འགྲོ་ཚུལ་ཡང་མངོན་གྱི་ཡོད་པས། ལོ་རྒྱུས་ཡིག་ཚགས་དེ་དག་མྱུར་སྐྱོབ་ཡག་པོ་དང་སྲུང་སྐྱོབ་ཡག་པོ། ལེགས་སྒྲིག་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུ་ནི་གལ་འགངས་ཆེ་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་དོན་སྙིང་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།    །

  • ལེ་ཚན་སྔོན་མ།:ཡུལ་ལྗོངས་དངོས་བྲིས་ཟློས་གར《འུན་ཤིང་ཀོང་ཇོ》ཞེས་པ་སང་ལོའི་ཟླ2པའི་ནང་ལྷ་ས་ནས་འཁྲབ་སྟོན་སྦྱོང་བརྡར་བྱེད
  • ལེ་ཚན་རྗེས་མ།:རྡོ་རྗེ་ཚེ་རིང་གིས་བརྩམས་པའི་བོད་ཀྱི་དྲ་རྒྱའི་རྩོམ་རིག་ཅེས་པ་པར་བསྐྲུན་བྱས།
  • དོ་སྣང་ཆེ་བའི་རྩོམ།