ཀླུ་འབུམ་བྱམས། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-11-15
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རང་རྒྱལ་ཤར་བྱང་གི་ཞིང་ཆེན་གསུམ་དང་ནང་སོག་དབུས་ཤར་ས་ཁུལ་ལ་ཡོངས་ཁྱབ་ཏུ་ཁངས་ཆེན་བབས། ཁངས་ཆེན་ལས་ས་ཁུལ་མང་པོར་ཁངས་གནོད་ཐེབས་ཏེ། ས་དེའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནོད་པ་ཆེན་པོ་བཟོས། ད་ལྟ། གནོད་ཐེབས་ས་ཁུལ་གྱི་རིམ་པ་ཁག་གི་སྲིད་གཞུང་གིས་མི་སྣ་རྩ་འཛུགས་བྱས་ཏེ་ཉེན་སེལ་རྒུད་སྐྱོབ་བྱེད་ཀྱིན་ཡོད། ཧེ་ལུང་ཅང་ཞིང་ཆེན་ཧི་ཀང་གྲོང་ཁྱེར་ལ་ཚེས་བཅུ་གཅིག་ཉིན་གྱི་དགོང་མོ་ནས་བཟུང་སྟེ་ཁངས་བབས་ཏེ། ཚེས་བཅུ་གཉིས་ཉིན་བར་ཁངས་གནོད་ཚབས་ཆེན་ཐེབས་པས། གནམ་གཤིས་སྡེ་ཁག་གིས་དེ་ནི་ལོ་ལྔ་བཅུར་ཐེངས་གཅིག་འཕྲད་པའི་ཁངས་གནོད་ཡིན་པར་ངོས་བཟུང་། གྲོང་ཁྱེར་ཁུལ་དུ་བར་སྐབས་ཤིག་ལ་གློག་ཆད་དེ། དྲོད་དང་ཆུ་འདོན་པར་བར་ཆད་བཟོས། ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་གྲོང་ཁྱེར་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་བགྲོད་དཀའ་བ་དང་། ས་དེའི་སློབ་གྲྭ་འབྲིང་ཆུང་གིས་སློབ་མཚམས་བཞག ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། གྲོང་ཁྱེར་སྲིད་གཞུང་གིས་འཕྲལ་སྒྲུབ་སྐུལ་སློང་གྲོས་ཚོགས་བསྡུས་ཏེ། རིམ་པ་ཁག་གི་ལས་བྱེད་པ་གནོད་སེལ་རྒུད་སྐྱོབ་ཀྱི་ལས་དང་པོར་སོང་ནས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་སྲུང་བྱེད་དགོས་པའི་བཀའ་ཕབ། དེ་དང་མཉམ་དུ་སྲིད་གཞུང་གིས་མྱུར་དུ་འཕྲལ་དུ་མ་དངུལ་སྒོར་བྱེ་བ་གཅིག་བཏང་ནས་ཉེན་སེལ་རྒུད་སྐྱོབ་ཕྱོགས་སུ་བཀོལ།གསར་འགོད་པས་ཅི་ལིན་ཞིང་ཆེན་གནམ་གཤིས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལྟ་ཅི་ལིན་ཞིང་ཆེན་ཡོངས་སུ་སྔར་བཞིན་ཁངས་ཆེན་འབབ་ཀྱིན་ཡོད།ཅི་ལིན་ཞིང་ཆེན་གནམ་གཤིས་ཅུའུ་ཚོད་དཔག་བྱས་པ་ལྟར་ན། མ་འོངས་པའི་དུས་ཚོད་ཉེར་བཞིའི་ནང་དུ་ཅི་ལིན་ཞིང་ཆེན་ཡོངས་སུ་ད་དུང་ཁངས་ཆེན་འབབ་རྒྱུ་ཡིན་པ་དང་། སུང་ཡོན་གྱི་ཤར་ཕྱོགས་དང་། ཁྲང་ཁྲོང་། ཅི་ལིན། ཡན་པེན་གྱི་ནུབ་བྱང་ཕྱོགས་སུ་ཁངས་ཆེན་འབབ་རྒྱུ་རེད་ཟེར།གསར་འགོད་པས་ནང་སོག་གནམ་གཤིས་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ཚེས་དགུ་ཉིན་ནས་བཟུང་། ནང་སོག་དབུས་ཤར་གྱི་ཞི་ལིན་གོ་ལེ་མིན་དང་། ཁྲི་ཧྥུན་གྲོང་ཁྱེར། ཐུང་ལའོ་གྲོང་ཁྱེར། ཧུའུ་ལུང་པེ་ཨེར་གྲོང་ཁྱེར་བཅས་ལ་བསྟུད་མར་ཁངས་བབས་པ་དང་། ཐུང་ལའོ་གྲོང་ཁྱེར་ནེ་མན་ཆི་སོགས་ས་ཁུལ་དུ་ཁངས་ཆེན་བབས་པ་དང་། ཁངས་ཀྱི་ཆེས་མཐུག་ཚད་སྨི་ཕྱེད་ཙམ་དུ་སླེབས། ས་ཆ་མང་པོའི་འགྲིམ་འགྲུལ་མཚམས་ཆད་པ་དང་། ཞིང་ཕྱུགས་ལས་སྒྲིག་ཆས་ལ་གཏོར་བརླག་ཐེབས། ས་ཁུལ་ཁ་ཤས་སུ་ཁང་བ་བརྡིབས་པ་དང་། ཆུ་དང་གློག་ཆད། ད་ལྟ་ས་དེའི་མྱུར་བགྲོད་གཞུང་ལམ་མང་པོའི་བཀག་རྒྱ་བསྡམས་པ་དང་། རྒྱང་བཞུད་རླངས་འཁོར་མང་པོ་སྐྱོད་མཚམས་བཞག སློབ་གྲྭ་འབྲིང་ཆུང་དག་གིས་སློབ་མཚམས་བཞག་པ་དང་། རྒུད་སྐྱོབ་བྱ་བསྒྲུབ་ཀྱིན་ཡོད། ད་ལྟ་ས་གནས་ཁག་གིས་སྔར་བཞིན་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་སྡོམ་རྩིས་བྱེད་ཀྱིན་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10