མཚོ་སྔོན་པོ་དྲ་བ། 2012-10-31
མཚོ་ལྷོ་ཁུལ་སྒྲ་སྙན་རྡུང་ལེན་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོའི་འགོ་རྩོམ་མཛད་སྒོ་བསྡུ་བཞིན་པའི་ཡུལ་དངོས།
ཚོགས་རའི་ཟུར་ཞིག
ཟླ10བའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྒྲ་སྙན་རྡུང་ལེན་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོའི་འགོ་རྩོམ་མཛད་སྒོ་མཚོ་ལྷོ་རུ་སྤེལ་ཞིང་། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུས་གཙོ་སྒྲུབ་དང་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་འགན་སྒྲུབ་བྱས་པ་ཡིན། འགོ་རྩོམ་མཛད་སྒོའི་སྟེང་མཚོ་ལྷོ་ཁུལ་རིག་གནས་ཅུའི་ཅུའུ་ཀྲང་གཞོན་པ་འཇམ་དབྱངས་ལགས་དང་། མཚོ་ལྷོ་ཁུལ་གྱི་དེ་སྔའི་ཁུལ་དཔོན་གཞོན་པ་པདྨ་རིན་ཆེན་ལགས། སྒྲ་སྙན་རྡུང་ལེན་གྱི་མཁན་པོའམ་སྒྱུ་རྩལ་པ་གྲགས་ཅན་དཔལ་མགོན་ལགས། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་ལས་བྱེད་མི་སྣ། མཚོ་ལྷོ་ཁུལ་གྱི་རྫོང་སོ་སོ་ནས་ཡོང་བའི་ན་གཞོན་རྡུང་ལེན་པ་བཞི་བཅུ་ལྷག་ཞུགས་ཡོད་པ་རེད།
འགོ་རྩོམ་མཛད་སྒོའི་སྟེང་འབྲེལ་ཡོད་ཀྱི་འགོ་ཁྲིད་དང་དགེ་རྒན་རྣམས་ཀྱིས་སྒྲ་སྙན་རྡུང་ལེན་གྱི་ཟབ་སྦྱོང་འཛིན་གྲྭར་ཞུགས་པའི་སློབ་མ་རྣམས་ཀྱིས་ཐེངས་འདིའི་གོ་སྐབས་ལེགས་པོ་གཅེས་སུ་བཟུང་སྟེ་བརྩོན་པ་ལྷུར་ལེན་དང་། ཐུན་མོང་མ་ཡིན་པའི་རྡུང་ལེན་སྒྱུ་རྩལ་རྒྱུན་འཛིན་བྱེད་དགོས་པའི་སྐོར་ནས་གསུང་བཤད་གནང་བར་མ་ཟད། མཚོ་ལྷོ་ཁུལ་གྱི་རྡུང་ལེན་པ་སྐར་མ་ལགས་དང་རྡོ་རྗེ་ཚེ་བྷེ་ལགས་གཉིས་ལ་ཞིང་ཆེན་རིམ་པའི་སྒྲ་སྙན་རྡུང་ལེན་རྒྱུན་འཛིན་པའི་འཛིན་ཡིག་གནང་བ་རེད།
ཐེངས་འདིའི་སྒྲ་སྙན་རྡུང་ལེན་ཟབ་སྦྱོང་འཛིན་གྲྭའི་སྟེང་རྡུང་ལེན་པ་གྲགས་ཅན་དཔལ་མགོན་ལགས་དང་། རྡོ་རེད་ལགས། མཚོ་སྔོན་ཞིང་ཆེན་གྱི་རྡུང་ལེན་རྒྱུན་འཛིན་པ་སྐར་མ་ལགས་སོགས་གདན་འདྲེན་ཞུས་ནས་ཉིན་གསུམ་གྱི་རིང་དུ་སྒྲ་སྙན་རྡུང་ལེན་གྱི་རྡུང་སྟངས་དང་དབྱངས་རྟ་སོགས་ཀྱི་སྐོར་ནས་སློབ་ཁྲིད་བྱེད་རྒྱུ་རེད།
མཚོ་ལྷོ་ཁུལ་གྱི་རྡུང་ལེན་པ་སྐར་མ་ལགས་དང་རྡོ་རྗེ་ཚེ་བྷེ་ལགས་གཉིས་ལ་ཞིང་ཆེན་རིམ་པའི་རྡུང་ལེན་སྒྱུ་རྩལ་རྒྱུན་འཛིན་པའི་འཛིན་ཡིག་གནང་བ།
རྡུང་ལེན་མཁན་པོ་དཔལ་མགོན་ལགས་ཀྱིས་སློབ་ཁྲིད་གནང་བཞིན་པ།
ཐེངས་འདིའི་སྒྲ་སྙན་རྡུང་ལེན་གྱི་ཟབ་སྦྱོང་འཛིན་གྲྭ་འདིས་ན་གཞོན་རྡུང་ལེན་པ་རྣམས་ཀྱིས་སྒྲ་སྙན་རྡུང་ལེན་དང་འབྲེལ་བའི་ཤེས་བྱ་དང་སོ་སོའི་ཉམས་མྱོང་ཕན་ཚུན་བརྗེ་རེས་བྱེད་པར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཐོག བོད་ཀྱི་ཐུན་མོང་མ་ཡིན་པའི་རྡུང་ལེན་སྒྱུ་རྩལ་ཉམས་མེད་གོང་སྤེལ་དང་རྒྱུན་འཛིན་བྱེད་པ་ལའང་དགེ་མཚན་དོད་པོ་ཞིག་བསྐྲུན་པ་རེད། དེར་མ་ཟད་བོད་ཀྱི་རྡུང་ལེན་པ་གྲགས་ཅན་རྣམས་གདན་འདྲེན་ཞུས་ཏེ་རྡུང་ལེན་སྒྱུ་རྩལ་གྱི་སློབ་ཁྲིད་གནང་བ་དེས་བོད་ཀྱི་རྡུང་ལེན་སྒྱུ་རྩལ་འདི་མུ་མཐུད་དུ་རང་རྐྱ་འཕེར་བའི་ལམ་ཁ་ཡངས་པོ་ཞིག་ཏུ་འཇུག་པར་ཁྲིད་སྟོན་གྱི་ནུས་པ་མངོན་སུམ་ཐོན་འདུག
འགོ་རྩོམ་མཛད་སྒྲོའི་སྟེང་ཞུགས་པའི་འགོ་ཁྲིད་དང་དགེ་སློབ་ཡོངས་མཉམ་དུ་པར་བསྐྱོན་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10