སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་པ།

སེང་ཆེན།    མཚོ་སྔོན་པོ་དྲ་བ།    2012-10-31

སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་པ།

སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་
ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་པ།

         ཟླ10བའི་ཚེས27ནས་ཚེས28བར་བསྟུད་མར། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་དེང་རབས་རྩོམ་པ་པོ་གྲགས་ཆེན་སྐུ་ཞབས་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་བསྡུས། རེབ་འདིའི་ཚོགས་འདུ་ལ་མཐོ་རིམ་བགྲོ་གླེང་ཚོགས་འདུ་དང་། ན་གཞོན་བགྲོ་གླེང་ཚོགས་འདུ་ཞེས་རིམ་པ་མི་འདྲ་བ་གཉིས་སུ་བགོས་འདུག་ལ། མཐོ་རིམ་བགྲོ་གླེང་ཚོགས་འདུའི་གདན་ཞུ་དཔྱད་བརྗོད་པར་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དང་། མི་རིགས་རྩོམ་རིག   གཞན་པེ་ཅིན་གྱི་མཐོ་རིམ་སློབ་གྲྭ་ཆེ་ཁག་གི་དགེ་རྒན་ཆེན་མོ་སོགས་ཆེད་ལས་མཁས་པ་བཅུ་ཕྲག་ཅིག་གདན་ཞུ་གནང་འདུག
         བགྲོ་གླེང་འདིར་ཕེབས་པའི་ཆེད་མཁས་པ་དག་གིས་སྟག་འབུམ་རྒྱལ་གྱིས་བརྩམས་ཤིང་པདྨ་ཚེ་བརྟན་གྱིས་བསྒྱུར་བའི་མི་ཚེ་གླུ་དབྱངས་ཞེས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་ཀྱི་དེབ་དེ་ཉིད་དཀྱུས་སུ་བཅུག་སྟེ། རྩོམ་པ་པོའི་བརྩམས་ཆོས་བློས་བསླངས་ཐད་ཀྱི་བརྗོད་བྱ་དང་རྗོད་བྱེད། སྒྱུ་རྩལ་མཚོན་ཐབས་སོགས་ལ་གྲ་དང་ཟུར་མི་འདྲ་བ་ནས་དཔྱད་བརྗོད་གནད་ཐིངས་པ་ཞིག་གནང་།
         ཚེས28ཉིན་བསྡུས་པའི་ན་གཞོན་དཔྱད་གླེང་ཚོགས་འདུའི་སྟེང་། སློབ་གྲྭ་འདི་གའི་ཤེས་རམས་པ་གཙོས་པའི་སློབ་གྲོགས་གང་མང་ཞིག་གིས་སྟག་འབུམ་རྒྱལ་གྱི་ད་ལྟའི་བར་དུ་གསར་རྩོམ་གནང་བའི་སྒྲུང་རིང་དང་། སྒྲུང་འབྲིང་། སྒྲུང་ཐུང་གང་རུང་དཔེ་མཚོན་དུ་དྲངས་ནས་བརྩམས་ཆོས་བྱེ་བྲག་པ་གང་དེའི་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་ཐབས་དང་། སྒྲིག་གཞི་བཀོད་སྒྲིག  སྒྱུ་རྩལ་མཚོན་ཐབས་སོགས་ལ་མཐོང་སྣེ་མི་འདྲ་བ་ནས་དཔྱད་བརྗོད་སྤེལ་བ་དང་། དེ་མིན་ད་དུང་བརྩམས་ཆོས་དེ་དག་ལས་འཕྲོས་པའི་བོད་ཁུལ་དུ་གནས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་གང་མང་ཞིག་ལའང་སོ་སོས་ཁམས་དང་མོས་པར་བསྟུན་ཅི་ཐུབ་སྒོས་དཔྱད་བརྗོད་ཅི་རིགས་གནང་སོང་།
         རེབ་འདིའི་གཞི་རྒྱ་ཆེ་བའི་མི་སྒེར་གྱི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་འདི་ནི། བོད་ཀྱི་དེང་རབས་རྩོམ་སྟེགས་ལ་མཚོན་ན་ལས་དང་པོ་བའི་གྲས་སུ་ཚུད་པས་ན། འདིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་གོམ་ཁ་བོད་ཁུལ་ནས་རྒྱལ་ཡོངས་དང་། རྒྱལ་ཡོངས་ནས་རྒྱལ་སྤྱི་ལ་ཕྱོགས་པའི་གོམ་སྟངས་གལ་ཆེན་ཞིག་སྤོས་པར་འབྲེལ་ཡོད་ཆེད་མཁས་པ་དག་གིས་གསུངས།

  • ལེ་ཚན་སྔོན་མ།:2013ལོའི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་བ
  • ལེ་ཚན་རྗེས་མ།:མཚོ་ལྷོ་ཁུལ་གྱིས་སྒྲ་སྙན་རྡུང་ལེན་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།