རང་རྒྱལ་གྱིས་རྣམ་པ་གསར་པའི་ཞིང་སྡེའི་དངུལ་རྩའི་ལས་ཁུངས858བསྐྲུན།
(མིག་དམར་གྱིས་བསྒྱུར།) 2012-11-01
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ10པའི་ཚེས21ཉིན་འབྱོར་བའི་གཏམ་གསར། ཀྲུང་གོ་དངུལ་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཚོགས་ནས་ཤེས་རྟོགས་བྱུང་རྒྱུར། ད་ལོའི་ཟླ་བ9པའི་ཟླ་མཇུག་གི་བར་དུ། རྒྱལ་ཡོངས་སུ་གྲོང་གསེབ་དང་གྲོང་རྡལ་གྱི་དངུལ་ཁང་། དངུལ་སྐྱིན་གཏོང་བའི་ཀུང་སི། ཞིང་སྡེའི་མ་དངུལ་ཕན་ཚུན་རོགས་རམ་སོགས་རིགས་གསུམ་གྱི་རྣམ་པ་གསར་པའི་དངུལ་རྩའི་ལས་ཁུངས858བསྐྲུན་ཟིན་པ་དང་དེའི་ནང་གྲོང་གསེབ་དང་གྲོང་རྡལ་གྱི་དངུལ་ཁང799ཡོད། དངུལ་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་པས་བཤད་རྒྱུར། ད་ལོ་ནས་བཟུང་། དངུལ་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིང་གསུམ་གནད་དོན་ལ་ཁ་གཏད་པ་དང་དབུས་རྒྱུད་དང་ནུབ་རྒྱུད་རྫོང་ཁོངས་སུ་དངུལ་ཁང་གཙོ་གནད་དུ་འཛུགས་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཧུར་བརྩོན་དང་བརྟན་བརླིང་གིས་གྲོང་གསེབ་དང་གྲོང་རྡལ་གྱི་དངུལ་ཁང་བསྐྲུན་པའི་ལས་ཀར་སྐུལ་འདེད་བྱས། སྔོན་གྱི་ཟླ9ཡི་ནང་དངུལ་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཚོགས་ཀྱིས་ཁྱོན་བསྡོམས་དངུལ་ཁང་ལས་རིགས་ལས་ཁུངས18ཀྱིས་གྲོང་གསེབ་དང་གྲོང་རྡལ་གྱི་དངུལ་ཁང187བསྐྲུན་པའི་འཆར་འགོད་ལ་ཞིབ་བཤེར་ཆོག་མཆན་གནང་ཡོད་ཅིང་། དེའི་ནང་བརྒྱ་ཆ75ཡི་དངུལ་ཁང་དེ་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བཙུགས་ཟིན་པའི་གྲོང་གསེབ་དང་གྲོང་རྡལ་གྱི་དངུལ་ཁང་འཕེལ་རྒྱས་བྱུང་ཚུལ་བརྟན་ཞིང་སྐྱོན་བྲལ་ཡིན་པ། ད་ལོའི་ཟླ་བ6པའི་ཟླ་མཇུག་གི་བར་དུ། རྒྱལ་ཡོངས་སུ་གྲོང་གསེབ་དང་གྲོང་རྡལ་གྱི་ལས་འགོ་བཙུགས་པའི་དངུལ་ཁང་གི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར3190ལ་བསླེབས་ནས་མ་རྩ་འདང་ཚད་བརྒྱ་ཆ28.6ལ་ཟིན། སྐྱིན་དངུལ་ལྷག་གྲངས་སྒོར་དུང་ཕྱུར1782ཡིན་ཞིང་ཞིང་དུད་དང་ཁེ་ལས་ཆུང་བའི་སྐྱིན་དངུལ་ལྷག་གྲངས་ཁག་འབྱེད་དེ་སྒོར་དུང་ཕྱུར600དང་སྒོར་དུང་ཕྱུར841ཡིན་པ་རེད།