ཟླ10བའི་ཚེས22ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དངོས་སུ་བཙུགས་ཤིང་། དེས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་གནང་ངེས།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མདོ་དབུས་མཐོ་སྒང་གི་ལྟེ་བར་མངའ་ཞིང་། རྒྱ་མཚོ་ངོས་ལས་མཐོ་ཚད་ལ་ཆ་སྙོམས་ཀྱིས་སྨི4000ཡོད། དེ་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཡུལ་ཡིན་པས་ཀྲུང་ཧྭའི་ཆུ་ཡི་གཏེར་མཛོད་ཅེས་པའི་མཚན་སྙན་གསོལ་འདུག རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དེ་མཚོ་སྔོན་དང་། ཐ་ན་ཀྲུང་ཧྭ་མི་རིགས་ཡོངས་ཀྱི་ཡུན་རིང་དང་རྒྱུན་མཐུད་འཕེལ་རྒྱས་ལ་དམ་པོར་འབྲེལ་བས་དོན་སྙིང་ཆེན་པོ་ལྡན་པ་རེད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་མཱ་ཧྥུའུ་ཧའེ་ཡིས་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་བཙུགས་པ་ནི་ཚོང་རའི་ཐོན་ཁུངས་བེད་སྤྱད་ནས་མ་དངུལ་བསྡུས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྐྱེ་ཁམས་འཛུགས་སྐྲུན་ཐད་ཕན་ནུས་མངོན་སུམ་ལེན་པ་ཡིན་ཞེས་བརྗོད་པ་རེད།