ལིས་ཁྲང་ཁྲོན་གྱིས་བྷང་ག་ལཱའི་མི་རིགས་རིང་ལུགས་ཏང་གི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-24

ལིས་ཁྲང་ཁྲོན་གྱིས་བྷང་ག་ལཱའི་མི་རིགས་རིང་ལུགས་ཏང་གི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་བ།

ཟླ10བའི་ཚེས21ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོན་གྱིས་ཏཱ་ཁཱ་ནས་བྷང་ག་ལཱ་རྒྱལ་ཁབ་ཀྱི་མི་རིགས་རིང་ལུགས་ཏང་གི་ཀྲུའུ་ཞི་ཁཱ་ལེ་ཏཱ་ཆི་ཡཱ་ལ་མཇལ་འཕྲད་གནང་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོན་གྱིས་ཚེས21ཉིན་གྱི་ཕྱི་དྲོར་ཏཱ་ཁཱ་ནས་བྷང་ག་ལཱ་རྒྱལ་ཁབ་ཀྱི་མི་རིགས་རིང་ལུགས་ཏང་གི་ཀྲུའུ་ཞི་ཁཱ་ལེ་ཏཱ་ཆི་ཡཱ་ལ་མཇལ་འཕྲད་གནང་།

    ལིས་ཁྲང་ཁྲོན་གྱིས་ཁཱ་ལེ་ཏཱ་ཆི་ཡཱ་ཡིས་དུས་ཡུན་རིང་བོར་ཀྲུང་གོ་དང་བྷང་ག་ལཱ་རྒྱལ་ཁབ་ཀྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་བྱས། ཁོང་གིས་གསུངས་དོན། ཁྱོད་ཀྱིས་ཀྲུང་གོར་འཚམས་འདྲི་བྱས་ནས་ཅང་མ་འགོར་བར་ང་ཚོ་ཡང་བསྐྱར་ཏཱ་ཁཱ་ནས་མཇལ་འཛོམས་བྱུང་། དེ་ལས་རྒྱལ་ཁབ་གིས་ཀྱི་མཛའ་མཐུན་འབྲེལ་བ་ཟབ་མོ་མངོན་པར་མཚོན་ཡོད། ཀྲུང་གོ་དང་བྷང་ག་ལཱའི་མཛའ་མཐུན་དེ་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྒྱབ་སྐྱོར་ལ་འབྲལ་ཐབས་མེད། ཀྲུང་གོས་བྷང་ག་ལཱ་རྒྱལ་ཁབ་དེ་བློ་གཏད་རུང་བའི་གྲོགས་པོ་བཟང་བོར་རྩིས་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་བྷང་ག་ལཱ་རྒྱལ་ཁབ་བར་མཛའ་མཐུན་སྲིད་ཇུས་ལག་བསྟར་བྱེད་ལ། ཀྲུང་གོ་དང་བྷང་ག་ལཱའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཀྱིན་ཡོད། བྷང་ག་ལཱའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བའི་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་ཡར་སྐུལ་བྱེད་འདོད་ཡོད་ཅེས་གསུངས།

    ལིས་ཁྲང་ཁྲོན་གྱིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་རིང་ལུགས་ཏང་དང་བཅས་པའི་བྷང་ག་ལཱ་རྒྱལ་ཁབ་ཀྱི་སྲིད་ཏང་གཙོ་བོའི་བར་མཛའ་མཐུན་གྱི་མཉམ་ལས་འབྲེལ་བ་བཙུགས་ཏེ། ཀྲུང་གོ་དང་བྷང་ག་ལཱའི་འབྲེལ་བའི་འཕེལ་རྒྱས་ཐད་སྲ་ཞིང་བརྟན་པའི་ཆབ་སྲིད་རྨང་གཞི་བཏིང་ཡོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་རིང་ལུགས་ཏང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ། མཐོ་རིམ་བར་འཚམས་འདྲི་བྱེད་པའི་སྣང་ཚུལ་བཟང་བོ་སྲུང་འཛིན་བྱེད་པ་དང་། ཏང་གཉིས་ཀྱི་ན་གཞོན་མགོ་ཁྲིད་པའི་འགྲོ་འོང་ལ་ཤུགས་སྣོན་བྱས་ནས། ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཟབ་ཅིང་ཕུན་སུམ་ཚོགས་པར་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་གསུངས།

    ཁཱ་ལེ་ཏཱ་ཆི་ཡཱ་ཡིས་ལིས་ཁྲང་ཁྲོན་གྱིས་བྷང་ག་ལཱ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཁོ་མོས་བཤད་རྒྱུར། ངས་ཀྲུང་གོར་འཚམས་འདྲི་བྱེད་པའི་སྐབས་སུ། ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་དང་ཕན་འབྲས་ལྡན་པའི་གྲོས་མོལ་བྱེད་པའི་གོ་སྐབས་བྱུང་བ་དང་། ཡང་བསྐྱར་ཀྲུང་གོའི་མི་དམངས་ཀྱི་བྷང་ག་ལཱའི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པའི་ཚོར་བ་དངོས་སུ་མྱོང་བ་དང་། ཀྲུང་གོའི་འགྱུར་ལྡོག་དང་འཕེལ་རྒྱས་དངོས་སུ་མཐོང་ཐུབ་པ་བྱུང་། བྷང་ག་ལཱའི་མི་རིགས་རིང་ལུགས་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་བར་མཛའ་མཐུན་བརྗེ་རེས་དང་མཉམ་ལས་བྱེད་པའི་འབྲེལ་བ་སྲུང་བྱས་པར་ཡིད་ཚིམས་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་ཏང་ཁག་གཉིས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱས་ཡོད་ལ། ཞོར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ལེགས་འགྲུབ་འབྱུང་བར་རྟེན་འབྲེལ་ཞུས་པ་ཡིན་ཟེར། །

  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་འཚོགས་བྱས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་གསོ་རིག་ལག་ལེན་གྱི་གསུང་རྩོམ་གྲགས་ཅན་ལེགས་སྒྲིག་ཞིབ་འཇུག་ཅེས་པར་ཞིབ་བཤེར་བྱས།
  • དོ་སྣང་ཆེ་བའི་རྩོམ།