སྐལ་བཟང་བདེ་སྐྱིད 2012-10-24
གྲོས་ཚོགས་ཐོག་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་འབུལ་རྒྱུའི་སྙན་ཞུའི་ མ་ཟིན་དེར་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱེད་པའི་གནས་ཚུལ་གྱི་སྙན་ཞུ་གསན་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱེད་པའི་གནས་ཚུལ་སྙན་ཞུ་གསན་ནས། ད་ཐེངས་ཀྱི་གྲོས་ཚོགས་ཐོག་གྲོས་བསྡུར་གནང་བའི་བསམ་འཆར་ལ་གཞིགས་ནས་བཟོ་བཅོས་བརྒྱབ་རྗེས་ཡིག་ཆ་མ་ཟིན་དེ་གཉིས་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་གྲོས་བསྡུར་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་ཡོད་པ་རེད།
གྲོས་ཚོགས་ཐོག ད་ཐེངས་བསམ་འཆར་བསྡུ་བའི་བརྒྱུད་རིམ་ཁྲོད། ས་གནས་ཁག་དང་། ཚན་པ་ཁག ཕྱོགས་ཁག་བཅས་དང་། ཏང་གི་ཚོགས་ཆེན་བཅུ་བདུན་པའི་འཐུས་མི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་བཅས་ཀྱིས་ཡིག་ཆའི་མ་ཟིན་ལ་བསམ་འཆར་དང་གྲོས་འགོ་བཟང་པོ་མང་པོ་བཏོན་ཡོད་པས། དམངས་གཙོ་དར་སྤེལ་དང་། མང་གྲོས་བློ་བསྡུ་བྱས་ཏེ། བསམ་འཆར་དང་གྲོས་འགོ་དེ་དག་བསྡུ་ལེན་དང་ལན་ཆ་ནན་ཏན་བྱེད་དགོས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་དང་མཐུན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་བླང་བྱ་དང་འཚམས་པ། དུས་བབ་གསར་པ་དང་ལས་འགན་གསར་པ་དང་འཚམས་པའི་ཚོགས་ཆེན་གྱི་སྙན་ཞུ་ཞིག་འཆར་ཟིན་ཧུར་ཐག་བཟོ་དགོས་པ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་དངོས་ཀྱི་གོང་འཕེལ་དང་འཚམས་པ། དེ་བཞིན་ཏང་གི་ལས་དོན་ལ་སྐུལ་འདེད་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མཁོ་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ཞིག་གཏན་འབེབས་བྱེད་དགོས་པའི་ངོས་འཛིན་གནང་ཡོད་པ་རེད།
གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་མཚམས་དང་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་གོང་འཕེལ་གཏོང་ཐབས་བརྗེ་བསྒྱུར་ཇེ་བྱེད་མགྱོགས་སུ་གཏོང་བའི་འགག་འགྲོལ་གྱི་སྐབས་སུ་འཚོག་རྒྱུའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་ཡིན། དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྐུལ་ལྕག་དང་སྐུལ་སློང་བྱས་ཏེ། མུ་མཐུད་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་དེ་གོང་འཕེལ་གཏོང་རྒྱུ་བཅས་ལ་དོན་སྙིང་ཆེན་པོ་ལྡན་ཡོད། ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཏེ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་དང་། བསམ་བློ་བཅིངས་འགྲོལ། བསྒྱུར་བཅོས་སྒོ་དབྱེ། སྟོབས་ཤུགས་གོང་བུ་གཅིག་སྒྲིལ། དཀའ་གནད་འགག་འགྲོལ་བཅས་བྱས་མཐར། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བརྒྱུད་མདུན་སྐྱོད་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་ཀྲུན་བྱེད་ཆེད་འབད་འཐབ་བྱེད་དགོས། ཁྱོན་ཡོངས་ནས་མིག་སྔའི་འཛམ་གླིང་དང་དེང་རབས་ཀྲུང་གོའི་གོང་འཕེལ་གྱི་གནས་བབ་ཆེན་པོར་བལྟས་ནས་རང་རྒྱལ་གོང་འཕེལ་གྱི་བླང་བྱ་གསར་པ་དང་མི་དམངས་ཀྱི་རེ་བ་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ་དང་། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་གྱི་ལག་ལེན་དང་ཉམས་མྱོང་། མ་འོངས་གསར་གཏོད་དང་། ཡར་རྒྱས་བརྩོན་ལེན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ནས། རང་རྒྱལ་གོང་འཕེལ་གྱི་གལ་ཆེའི་ཐབས་ཇུས་དང་གོ་སྐབས་དམ་འཛིན་དང་བེད་སྤྱོད་ལེགས་པོ་བྱས་ནས། རིག་གཞུང་གསར་གཏོད་དང་ཁྱབ་ཁོངས་གཞན་གྱི་ཁག་སོ་སོའི་གསར་གཏོད་ལ་སྐུལ་འདེད་མུ་མཐུད་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དུས་རབས་ཀྱི་དགོས་མཁོ་དང་མི་དམངས་ཀྱི་འདོད་བློ་བཅས་དང་མཐུན་པའི་བྱ་སྤྱོད་རྐང་འཛིན་དང་སྲིད་ཇུས་ཐབས་ཕྱོགས་བཟོ་དགོས།
ད་ལྟའི་དུས་མཚམས་དེར་རང་རྒྱལ་གྱི་གོང་འཕེལ་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་ཟླར་དམིགས་པ་དང་། མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཆེད་དོན་དངོས་ཀྱི་ཁེ་ཕན་གནད་དོན་ལ་དམིགས་ནས། ཐབས་ཇུས་ཀྱི་ཁྱོན་ཡོངས་ཐོག་ནས་རང་རྒྱལ་གྱི་བསྒྱུར་བཅོས་གོང་འཕེལ་ཚད་ལྡན་དང་བཀོད་སྒྲིག་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་དེ་བཞིན་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་དང་། ཏང་གི་འཛུགས་སྐྱོང་དང་རླབས་ཆེན་གྱི་ལས་གྲྭ་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཚན་རིག་གོང་འཕེལ་དང་། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་མུ་མཐུད་གཏོང་བ་དང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་གྱིས་མི་དམངས་ལ་ཕན་བདེ་སྔར་ལས་ལྷག་པ་བསྐྲུན་དགོས་པ་བཅས་ཀྱི་ངོས་འཛིན་གནང་ཡོད་པ་རེད།
གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་ནི་སྤྱིའི་སྒྲིག་ཡིག་ཡིན་པ་དང་། ཏང་གི་ལས་དོན་ལ་སྐུལ་འདེད་དང་། ཏང་གི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གཞི་རྩ་ནས་ཚད་ལྡན་བཟོ་བ་དང་མཛུབ་ཁྲིད་བྱེད་པའི་ནུས་པ་ཐོན་གྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་དུས་བབ་དང་ལས་འགན་གྱི་འགྱུར་བར་གཞིགས་ནས་བཟོ་བཅོས་འོས་འཚམས་བྱས་ན། ཏང་ཡོངས་ནས་དེ་བས་ཡག་པའི་ཐོག་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོབ་བཅས་བྱས་ནས། དེ་བས་ཡག་པའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་གི་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུས་གཏན་ལ་ཕབ་པའི་རིགས་པའི་གཞུང་ལུགས་ཀྱི་གལ་ཆེའི་ལྟ་ཚུལ་དང་གལ་ཆེའི་འཐབ་ཇུས་བསམ་བློ་ཏང་གི་སྒྲིག་ཡིག་ནང་བཅུག་ནས། ཏང་གི་སྒྲིག་ཡིག་ལས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གྲུབ་འབྲས་གསར་ཤོས་མངོན་པ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བཏོན་པའི་གལ་ཆེའི་འཐབ་ཇུས་བསམ་བློ་ལེགས་པར་མངོན་པར་བྱེད་པ། ཏང་གི་ལས་དོན་དང་ཏང་གི་འཛུགས་སྐྱོང་གི་ཉམས་མྱོང་གསར་པ་ལེགས་པར་མངོན་པ་བཅས་བྱས་ནས། དུས་བབ་གསར་པ་དང་ལས་འགན་གསར་པས་ཏང་གི་ལས་དོན་དང་ཏང་གི་འཛུགས་སྐྱོང་ལ་བཏོན་པའི་བླང་བྱ་གསར་པ་དང་འཚམས་པ་བྱ་དགོས་པའི་ངོས་འཛིན་བྱས་འདུག
གྲོས་ཚོགས་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ནས། ཏན་ཏན་ཏིག་ཏིག་ངང་བསྒྱུར་བཅོས་དང་། གོང་སྤེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་ནས། དེ་བས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་འདུག གྲོས་ཚོགས་ཀྱིས་ད་དུང་དོན་ཚན་གཞན་དག་ཐད་གྲོས་བསྡུར་བྱས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10