ཐུན་མོང་གོང་འཕེལ་བཏང་ན་མི་རིགས་མེ་ཏོག་གིས་ཀྲུང་གོར་གཟི་བརྗིད་བསྐྲུན།

བཀྲ་ཤིས་དབང་ཕྱུག    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2012-10-24

ཐུན་མོང་གོང་འཕེལ་བཏང་ན་མི་རིགས་མེ་ཏོག་གིས་ཀྲུང་གོར་གཟི་བརྗིད་བསྐྲུན།
ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། རང་རྒྱལ་གྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་བརྗོད་དོན་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་བསྐྱོད་བྱས་ཡོད་པ་དང་། གལ་ཆེའི་བཀོད་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་བྱས་ནས། མི་རིགས་ས་ཁུལ་དུ་བདེ་སྐྱིད་ཀྱི་མཁའ་ལམ་མུ་འཁྱུད་དུ་བསྐྲུན་ཡོད་པ་རེད།

    མངའ་ཁོངས་ས་ཆའི་ཐོག་ནས་བལྟས་ཚེ། རང་རྒྱལ་དུ་ལོ་བཅུའི་རིང་གོང་འཕེལ་འགྲོ་མགྱོགས་ཤོས་ཀྱི་ས་ཆ་ནི་དེ་སྔོན་མི་ཀུན་གྱིས་དོ་ཁུར་མི་བྱེད་སའི་ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ་ཡིན་པ་རེད།

    ནང་སོག་ནི་ལོ་དགུ་བསྟུད་མར་རྒྱལ་ཡོངས་ཀྱི་འཕར་སྣོན་མྱུར་ཚད་མགྱོགས་ཤོས་ཡིན་པ་དང་། ཀོང་ཞི་བྱང་རྒྱུད་མཚོ་ཁུག་གི་འཛུགས་སྐྲུན་ཡང་ཚ་ཚ་འུར་འུར་ངང་བྱེད་པ། ཤིན་ཅང་དུ་གསར་སྤེལ་ཆེན་པོ་དང་འཛུགས་སྐྲུན་ཆེན་པོ། གོང་འཕེལ་ཆེན་པོ་བཅས་ཀྱི་མཐོ་རླབས་གསར་པ་ཞིག་འཕྱུར་བ། གྲང་ཅི་ཐུར་གསར་སྤེལ་དང་སྒོ་འབྱེད་ཀྱི་སྔོན་ཁྲིད་ཁུལ་གྱི་གོང་འཕེལ་གཞི་ཁྱོན་ཆེན་པོ་བྱུང་བ་སོགས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གྲངས་གཞི་ལས་མངོན་པར། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཅིག་པ་ལག་བསྟར་བྱས་ཚུན། མི་རིགས་ས་ཁུལ་གྱི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་དང་ནོར་སྲིད་ཡོང་འབབ་ལོ་ལྟར་ཆ་སྙོམས་གྲངས་གནས་གཉིས་ཀྱི་མྱུར་ཚད་ཐོག་ནས་འཕར་སྣོན་བྱུང་སྟེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་སྣོན་མྱུར་ཚད་ལས་མཐོ་བ་བྱུང་ཡོད་པ་རེད།

    མི་རིགས་ས་ཁུལ་གྱི་གོང་འཕེལ་ནི་རྒྱལ་ཁབ་དང་ནང་སའི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་ཀྱང་། དེ་བས་གལ་འགངས་ཆེ་བ་ནི་ནང་རྐྱེན་འགུལ་ཤུགས་སྐུལ་སློང་བྱས་པ་དེ་ཡིན། དེ་དང་ཆབས་ཅིག་ས་བབ་དང་བསྟུན་ནས་ས་ཁུལ་དེ་གའི་ཁྱད་ཆོས་ལྡན་པའི་ལམ་བུ་གསར་པ་ཞིག་གི་ཐོག་བསྐྱོད་དགོས་པ་དེ་ཡིན་པ་རེད།

    ལོ་བཅུའི་རིང་མི་རིགས་ས་ཁུལ་གྱི་ཁྱད་ལྡན་བཟང་ཆའི་ཐོན་ལས་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་ཡོད་དེ། ནང་སོག་གི་འོ་མའི་ཐོན་རྫས་ཀྱིས་རྒྱལ་ཡོངས་ཀྱི་ལྔ་ཆ་གཅིག་བཟུང་ཡོད་པ་དང་། ཤིན་ཅང་གི་བལ་དང་། ཁུ་ལུའི་ཐོན་འབབ་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་མ་ཟད། རང་རྒྱལ་གྱི་གལ་ཆེའི་ནུས་ཁུངས་ཐོན་སྐྱེད་རྟེན་གཞི་དང་འཐབ་ཇུས་འབྲེལ་མཐུད་ཁུལ་ལ་གྱུར་ཡོད་པ། ཀོང་ཞི་ནི་རྒྱལ་ཡོངས་ཀྱི་མངར་ཆ་ཐོན་སྐྱེད་དང་ཕྱོགས་བསྡུས་བེད་སྤྱོད་རྟེན་གཞི་ཆེ་ཤོས་ཡིན་པ། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཅ་ལུད་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡིན་པ། ཡུན་ནན་ཞིང་ཆེན་གྱི་ཤན་ཆེ་མེ་ཏོག་གི་ཐོན་འབབ་ལོ་བཅུ་བདུན་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་ཡོད་པ་རེད།

    ལོ་བཅུའི་རིང་། མི་རིགས་ས་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་ཡང་དེ་དང་བསྟུན་ནས་གོང་འཕེལ་ཕྱིན་ཡོད། བོད་ལྗོངས་དང་ཤིན་ཅང་ལས་གཞི་དང་། རླུང་འཕྲིན་བརྙན་འཕྲིན་གྲོང་ཚོ་ཀུན་ཁྱབ་ལས་གཞི། གྲོང་གསེབ་ཀྱི་གློག་བརྙན་བསྟན་པའི་ལས་གཞི་སོགས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱས་ཡོད་པས། གཞི་རྩའི་ཆ་ནས་ནུས་པ་ཆ་ཚང་བ་དང་། སྐད་རིགས་ཅུང་ཆ་ཚང་བ། ཁེབས་ཚད་ཅུང་རྒྱ་ཆེ་བ་བཅས་ཀྱི་རླུང་འཕྲིན་བརྙན་འཕྲིན་མ་ལག་ཅིག་གྲུབ་ཡོད་པ་དང་། མི་རིགས་ས་ཁུལ་གྱི་རླུང་འཕྲིན་དང་། བརྙན་འཕྲིན་ཁེབས་ཚད་ཚང་མ་བརྒྱ་ཆ་༩༠ལས་བརྒལ་ཡོད་པ། ཞིང་པའི་དེབ་ཁང་གི་ལས་གཞི་དང་། གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་སྐྲུན་ལས་གཞི་སོགས་གལ་ཆེའི་རིག་གནས་དམངས་ཕན་ལས་གཞིས་རིམ་བཞིན་གཞི་ཁྱོན་ངེས་ཅན་ལྡན་པ་དང་། སྣེ་རིགས་མང་བ། ཁེབས་ཚད་རྒྱ་ཆེ་བ་བཅས་ཀྱི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་གསར་འགྱུར་དཔེ་སྐྲུན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་གྲུབ་ཡོད། རིག་གནས་ཞབས་ཞུའི་ཚོང་རྟགས་ཁག་ཅིག་གིས་གྲངས་ཉུང་མི་རིགས་མང་ཚོགས་ལ་ཕན་བདེ་བསྐྲུན་ཡོད་དེ། དཔེར་ན། ཤིན་ཅང་གི་ཉིན་བརྒྱའི་ཐང་ཆེན་རིག་གནས་བྱེད་སྒོ་ཞེས་པ་དང་། ཀན་སུའུ་ཡི་ཟློས་གར་ཆེན་མོ་གྲོང་གསེབ་ལ་ཐེངས་ཆིག་སྟོང་འཁྲབ་པ་ཞེས་པ། ནང་སོག་རྩྭ་ཐང་ཐོག་གི་ན་ཏ་མུ་ཚོགས་ཆེན། ཀོང་ཞི་ནན་ཉིང་གི་ལྗང་གྲོང་གར་སྟེགས་ཞེས་པ་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཡོད་པ་རེད།

    ལོ་བཅུའི་རིང་། མི་རིགས་ས་ཁུལ་དུ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པའི་འགྲོ་ལམ་ཞིག་གཏོད་ཡོད་པ་དང་ཆབས་ཅིག རིག་གནས་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་ནས། རིག་གནས་གོང་འཕེལ་ལ་བརྟེན་ནས་དཔལ་འབྱོར་གོང་འཕེལ་གྱི་ལམ་བུ་གསར་པར་སྐུལ་འདེད་བཏང་ཡོད་པ་དང་། རིག་གནས་ཐོན་ལས་གོང་འཕེལ་འགྲོ་བཞིན་ཡོད་པས། མི་རིགས་ས་ཁུལ་གྱི་འཕུར་མཆོངས་གོང་འཕེལ་ལ་རྫོགས་མཐའ་མེད་པའི་ནང་རྐྱེན་འགུལ་ཤུགས་འབྱིན་བཞིན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལེགས་བཅོས་ལ་ཕན་འབྲས་མངོན་གསལ་ཐོབ་པ།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་འཚོགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།