དཔའ་བརྟན་རྒྱལ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-10-18
ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པོ་ཁམ་ཕུ་ཀྲེའི་ཡབ་རྒྱལ་བོ་ཞི་ཧཱ་ནུའུ་ཁི་འཚོ་བཞུགས་སྐབས་ཀྱི་པེ་ཅིན་གྱི་གཞིས་ཁྱིམ་ལ་ཕེབས་ནས། ཁམ་ཕུ་ཀྲེའི་རྒྱལ་ཡུམ་མའོ་ཉི་ལི་དང་རྒྱལ་བོ་ཞི་ཧཱ་མའོ་ཉི་ལ་འཚམས་འདྲི་བྱས་པར་མ་ཟད། ཡབ་རྒྱལ་བོ་ཞི་ཧཱ་ནུའུ་ཁིར་སྙུང་གཞི་ཕོག་ནས་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས།
ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པོ་ཡིས་པེ་ཅིན་ནས་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་ལ་མཇལ་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པོ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཁམ་ཕུ་ཀྲེའི་ཡབ་རྒྱལ་བོ་ཞི་ཧཱ་ནུའུ་ཁི་འཚོ་བཞུགས་སྐབས་ཀྱི་པེ་ཅིན་གྱི་གཞིས་ཁྱིམ་ལ་ཕེབས་ནས། ཁམ་ཕུ་ཀྲེའི་རྒྱལ་ཡུམ་མའོ་ཉི་ལི་དང་རྒྱལ་བོ་ཞི་ཧཱ་མའོ་ཉི་ལ་འཚམས་འདྲི་བྱས་པར་མ་ཟད། ཡབ་རྒྱལ་བོ་ཞི་ཧཱ་ནུའུ་ཁིར་སྙུང་གཞི་ཕོག་ནས་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུས།
ཝུན་ཅ་པོ་ཡིས་ཡབ་རྒྱལ་བོ་ཞི་ཧཱ་ནུའུ་ཁིའི་མི་ཚེ་ཧྲིལ་བོར་གདེང་འཇོག་ཚད་མཐོན་པོ་བྱས། ཁོས་བཤད་རྒྱུར། ཡབ་རྒྱལ་བོ་ཞི་ཧཱ་ནུའུ་ཁི་ཡིས་མི་ཚེ་གང་བོར་ཁམ་ཕུ་ཀྲེའི་མི་རིགས་རང་བཙན་དང་ཞི་བདེ་འཕེལ་རྒྱས་ཀྱི་ལས་དོན་ཐད་ལ་འབད་བརྩོན་ལྷོད་མེད་བྱས་ཏེ། ནམ་ཡང་བསུབ་ཐུབ་མེད་པའི་རླབས་ཆེན་གྱི་གྲུབ་འབྲས་བསྐྲུན་ཡོད། ཁོང་གིས་ནམ་ཡིན་ཡང་ཀྲུང་གོ་དང་ཁམ་ཕུ་ཀྲེ་གཉིས་ནི་ཆེས་བཟང་བོའི་གྲོགས་པོར་བརྩི་བཞིན་ཡོད་པས་ཁོང་ནི་ངེས་པ་དོན་གྱིས་ཀྲུང་གོ་མི་དམངས་ཀྱི་རླབས་ཆེ་བའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡིན། ང་རང་ཉིད་ཀྱང་ཡབ་རྒྱལ་བོའི་བར་ལའང་ལོ་མང་པོའི་འབྲེལ་བ་ཡོད་པས་ཕན་ཚུན་བར་དུ་ཆགས་པའི་མཛའ་རྩེའི་འབྲེལ་བ་ཧ་ཅང་གཏིང་ཟབ་པ་དང་ང་ཚོས་ནམ་ཡིན་ཡང་ཡབ་རྒྱལ་བོ་ཁོང་ཉིད་རྗེས་དྲན་བྱེད་སྲིད་ཟེར། ཝུན་ཅ་པོ་ཡིས་མཇུག་མཐར་རྒྱལ་ཡུམ་དང་རྒྱལ་བོ་གཉིས་ཀྱིས་སེམས་སྡུག་ཆེན་པོ་མི་བྱེད་པར་རང་ཉིད་ཀྱི་སྐུ་ཕུང་བདག་སྐྱོང་བཟང་བོ་བྱེད་དགོས་ལ། ཀྲུང་གོ་ཡང་རྒྱལ་ཡུམ་མཆོག་གི་རང་ཁྱིམ་ཡིན་པས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ནམ་རྒྱུན་དང་འདྲ་བར་རྒྱལ་ཡུམ་ལ་ཞབས་ཞུའི་བྱ་བ་བཟང་བོ་སྒྲུབ་ངེས་ཡིན་ཟེར།
རྒྱལ་ཡུམ་མའོ་ཉི་ལི་དང་རྒྱལ་བོ་ཞི་ཧཱ་མའོ་ཉི་གཉིས་ཀྱིས་ཝུན་ཅ་པོ་འཚམས་འདྲི་བྱེད་དུ་ཕེབས་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས། ཁོང་གཉིས་ཀྱིས་བསྟན་དོན། ཡབ་རྒྱལ་བོས་མི་ཚེ་གང་བོར་ཁམ་ཕུ་ཀྲེ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་ལས་དོན་ལ་ནུས་ཤུགས་གང་ཡོད་བཏོན་པས། ཁོང་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྒན་པ་དང་གྲོགས་པོ་བཟང་བོ་ཡིན། ཁམ་ཕུ་ཀྲེ་རྒྱལ་བོ་ཚང་གིས་ཀྲུང་གོ་ཕྱོགས་ཀྱིས་ལོ་ངོ་བཞི་བཅུའི་རིང་ལ་ཡབ་རྒྱལ་བོར་སེམས་ཞིབ་མོས་བདག་སྐྱོང་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། མ་འོངས་པར་མུད་མཐུད་དུ་ཡབ་རྒྱལ་བོས་གསར་བསྐྲུན་བྱས་པའི་ཀྲུང་གོའི་བར་གྱི་མཛའ་མཐུན་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཉིན་དེར་ཝུན་ཅ་པོ་ཡིས་ད་དུང་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་ལ་མཇལ་འཕྲད་གནང་། ཝུན་ཅ་པོ་ཡིས་བཤད་རྒྱུར། ཡབ་རྒྱལ་བོ་ཞི་ཧཱ་ནུའུ་ཁི་སྐུ་གཤེགས་པ་ནི་ཁམ་ཕུ་ཀྲེ་ཕྱོགས་ཀྱི་གྱོང་གུན་ཚབ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཆེས་རླབས་ཆེ་བའི་གྲོགས་པོ་ཞིག་མེད་བརླག་ཏུ་སོང་བ་ཡིན་པས་ང་ཚོའི་སེམས་པ་ཧ་ཅང་སྐྱོ་ཟེར།
ཧོང་སིན་གྱིས་ཁམ་ཕུ་ཀྲེའི་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོས་དུས་ཡུན་རིང་བོར་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཁམ་ཕུ་ཀྲེ་དང་ཀྲུང་གོའི་འབྲེལ་བ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་དཔེ་སྟོན་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10