རྡོ་རྗེའི་ལྷུན་པོ། 2012-12-26
ཉེ་སྔོན། གཞིས་རྩེ་ས་གནས་ཧྲང་ཧེ་ཚོད་ལྟའི་མཐོ་འབྲིང་གིས་བརྗོད་བྱ་གཙོ་བོ"ཕ་སྐད"ཅེས་པའི་སྙན་ངག་གྱེར་འདོན་གྱི་བྱེད་སྒོ་ཞིག་སྤེལ་ཞིང་། ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་བྱེད་སྒོ་དེ་ནི་སློབ་གླིང་དེའི་སློབ་མའི་བག་ལ་ཞ་བའི་འཇོན་ནུས་སྔོག་འདོན་དང་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས། ལྷག་པར་ཕ་སྐད་ཀྱི་རིན་ཐང་ལ་ངེས་ཤེས་གང་ལེགས་སྐྱེད་སྲིང་ཡོང་སླད་སློབ་གྲྭའི་དབུ་ཁྲིད་ཀྱིས་མཐུན་རྐྱེན་སྐྲུན་ཏེ་བོད་ཡིག་ཚན་ཁག་གིས་གཙོ་སྒྲུབ་བྱས་པ་ཞིག་རེད།
ཉམས་འགྱུར་འབུམ་གྱིས་ཕྱུག་པའི་གྱེར་འདོན་པ།
དེར་ཧྲང་ཧེ་ཚོད་ལྟའི་སློབ་འབྲིང་གི་འཛིན་གྲྭ་རེ་ནས་བདམས་ཐོན་བྱས་པའི་སློབ་མ་གཉིས་རེ་འགྲན་ཞུགས་བྱས་ཤིང་དཔྱད་འདེམས་པའང་སློབ་གྲྭ་ཁག་ནས་ཆེད་དུ་གདན་ཞུས་བྱས་འདུག གདན་ཞུའི་སྐུ་མགྲོན་ནི་གཞིས་རྩེའི་མཐོ་འབྲིང་དང་པོའི་དགེ་རྒན་མིག་དམར་རྒྱལ་པོ་དང་མཐོ་འབྲིང་གཉིས་པའི་དགེ་རྒན་མིག་དམར་ཚེ་རིང་། མཐོ་འབྲིང་གསུམ་པའི་དགེ་རྒན་སྐལ་བཟང་དབང་འདུས་བཅས་སོ།། འགྲན་སྡུར་གྱི་དཀྱུས་སུ་སྲོལ་རྒྱུན་གྱི་ཞབས་བྲོ་དང་སྟོད་གཞས་བགྲེས་དཀར་སོགས་འཁྲབ་སྟོན་བྱས་པས་ཐེངས་འདིའི་བྱེད་སྒོ་འཐུང་ཚང་ཡོང་བར་བྱས་འདུག
དཔྱད་འདེམས་པ་གཙོས་པའི་ཚོགས་རའི་ཟུར་ཞིག
ཐེངས་འདིའི་བྱ་དགའི་རིམ་པ་ནི་ཨང་དང་པོར་མི་གཉིས་ཏེ་བྱ་དགའི་སྒོར100རེ་དང་། ཨང་གཉིས་པར་མི་བཞི་སྟེ་བྱ་དགའི་སྒོར80རེ། ཨང་གསུམ་པར་མི་དྲུག་སྟེ་བྱ་དགའི་སྒོར50རེ། དམིགས་བསལ་གྱི་བྱ་དགའ་གཅིག་སྟེ་སྒོར200བཅས་བསྡོམས་པའི་བྱ་དགའི་སྒོར1000ལྷག་དང་གཟི་བརྗིད་དཔང་རྟགས། དཀར་གཙང་མཇལ་དར་བཅས་བསྩལ།
མཇུག་མཐར་སློབ་གྲྭའི་འགོ་ཁྲིད་ནས་གཙང་ཁུལ་དུ་སྙན་ངག་གྱེར་འདོན་གྱི་བྱེད་སྒོ་སྤེལ་བ་ཉུང་བས་དེར་མིག་ལྟོས་རུང་བའི་སྣེ་ཁྲིད་ཀྱི་ནུས་པ་དང་ཕ་སྐད་ཀྱི་རིན་ཐང་ལ་ངེས་ཤེས་ཀྱིས་དེར་གཅེས་སྤྲས་བྱེད་པའི་ཐབས་དམ་པ་ནི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐད་ལ་འབད་དགོས་ཚུལ་དང་། ལྷག་པར་བྱེད་སྒོ་འདི་བཞིན་ལོ་ལྟར་ཆད་མེད་དུ་སྤེལ་རྒྱུར་ཚད་མཐོ་བའི་རེ་སྐུལ་དང་གདེང་འཇོག་གནང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10