རང་རྒྱལ་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཨང་དང་པོ་དེ་མཚོ་དམག་ལ་དངོས་སུ་སྤྲད།
(གངས་སྐྱིད་ཀྱིས་བསྒྱུར།) 2012-09-27
ཧུའུ་ཅིན་ཐའོ་ཡིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་ཤིང་གྲུ་གཟིངས་སུ་ཕེབས་ཏེ་གཟིགས་ཞིབ་གནང་།
ཟླ་བ9པའི་ཚེས25ཉིན། རང་རྒྱལ་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཨང་དང་པོ་སྟེ“ལིའོ་ཉིང་”རྟགས་ཅན་གྱི་གྲུ་གཟིངས་དེ་ཀྲུང་གོའི་གྲུ་གཟིངས་ལྗིད་བའི་བཟོ་ལས་ཚོགས་པ་ཀུང་སིའི་ཏ་ལེན་གྲུ་གཟིངས་བཟོ་གྲྭས་མཚོ་དམག་ལ་དངོས་སུ་སྤྲད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་ཤིང་གྲུ་གཟིངས་སུ་ཕེབས་ཏེ་གཟིགས་ཞིབ་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་མཉམ་དུ་རྩིས་སྤྲོད་རྩིས་ལེན་གྱི་བྱེད་སྒོར་ཞུགས་པས་མ་ཚད།ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུའི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བསྒྲགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀུའོ་པོ་ཞུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཚའེ་ཧོའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དོན་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་མར་ཁའེ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན། སྤྱི་ཁྱབ་སྒྲིག་སྦྱོར་པུའུ་ཡི་པུའུ་ཀྲང་ཁྲང་ཝན་ཆོན། ཀྲུང་དབྱང་དམག་ཨུའི་ཨུ་ཡོན། མཚོ་དམག་གི་སི་ལིང་ཡོན་ཝུའུ་ཧྲེང་ལི་བཅས་མཛད་སྒོར་ཞུགས་ནས་གཟིགས་ཞིབ་གནང་བར་ཕེབས་རོགས་གནང་ཡོད།
སྔར་དྲོའི་ཆུ་ཚོད10ཡི་ཐོག་གྲུ་གཟིངས་རྩིས་སྤྲོད་རྩིས་ལེན་དང་རྒྱ་མཚོར་དམག་ཞབས་ཞུ་བའི་མཛད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་འགོ་བཙུགས་པ་རེད། ཧུའུ་ཅིན་ཐའོ་ཡིས་མཚོ་དམག་གི་གྲུ་གཟིངས་དང་ལེན་བྱེད་པའི་དམག་དཔུང་ལ་དམག་དར་དང་མིང་བཏགས་དཔང་ཡིག་གནང་། ཝུན་ཅ་པའོ་ཡིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུའི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བསྒྲགས་ཡོད། རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། རང་རྒྱལ་གྱི་གནམ་གྲྭ་འབབ་སའི་གྲུ་གཟིངས་བཟོ་སྐྲུན་བྱས་པ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུས་རྒྱལ་ཁབ་ཀྱི་ཉེན་མེད་བདེ་འཇགས་དང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ལ་དམིགས་ཏེ་བཟོས་པའི་གལ་ཆེའི་ཡུན་རིང་གི་ཐབས་ཇུས་ཞིག་རེད། གནམ་གྲུ་འབབ་སའི་གྲྭ་གཟིངས་ཨང་དང་པོ་འདི་བདེ་བླག་ངང་རྩིས་སྤྲོད་རྩིས་ལེན་བྱས་ཏེ་རྒྱ་མཚོར་དམག་ཞབས་ཞུ་བ་ནི་རང་རྒྱལ་གྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏང་རྒྱུ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་ལག་རྩལ་ཡར་ཐོན་ཡོང་བ་དང་འཇོན་ནུས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྲུང་དངོས་ཤུགས་དང་ཕྱོགས་བསྡུས་རྒྱལ་ཤུགས་མཐོ་རུ་གཏོང་བ། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ། རྒྱལ་གཅེས་ཀྱི་སྤྲོ་སེམས་ལ་སྐུལ་མ་གཏོང་བ། ཏང་ཡོངས་དང་དམག་ཡོངས།རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་གསར་པ་ཐོབ་པར་བརྩོན་ལེན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་སྐྲུན་པ་ལ་གལ་ཆེ་ལ་དུས་ཡུན་རིང་གི་དོན་སྙིང་ལྡན་པ་རེད།