བདེ་སྐྱིད་འཚོ་བའི་ལམ་ཕྲེང་སྟེང་གི་ཐང་ག་སྒྱུ་རྩལ་པའི་ཁྱིམ་ཚང་།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།        2012-09-26

ཞོགས་པའི་དུས་ཚོད6ཙམ་ལ་ནམ་མག་མོག་ཏུ་གྱུར་ཞིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་སེང་གེ་གཤོང་སྡེ་བའི་ལོ50ལ་སླེབས་པའི་ཐང་ག་རི་མོ་བ་གསང་བདག་གིས་རང་ཁྱིམ་ནས་མཆོད་ཁང་མདུན་ནས་ལྷ་བསང་གཏོང་བ་དང་ཕྱག་འཚལ་བ། ཆོས་བཏོན་རྗེས། སེང་གེ་གཤོང་དགོན་པར་མ་ཎི་བསྐོར་བར་སོང་། འདི་ནི་ཁོའི་ཉིན་གང་གི་རྒྱུན་ལྡན་ལས་ཀ་ཞིག་ཏུ་གྱུར་ཡོད་ལ། ལོ་བཅུ་ལྷག་གི་རིང་ལ་རྒྱུན་ཆད་ཏུ་བཅུག་མེད།

    མཚོ་སྔོན་བཟོ་རྩལ་མཛེས་རིས་མཁན་པོ་ཡིན་པའི་ཆ་ནས་གསང་བདག་གིས་ཐང་ག་བྲིས་ཏེ་ལོ་ངོ40ལྷག་འགོར་ཞིང་། རེབ་གོང་སྒྱུ་རྩལ་ཕ་ཡུལ་དུ་མཚན་སྙན་ཡོད་པའི་ཐང་ག་མཁན་པོ་གྲས་ཀྱི་གཅིག་ཡིན་པ་དང་། ཁོའི་བརྩམས་ཆོས་མང་པོ་ཞིག་སྙན་གྲགས་ཆེ་བའི་བོད་བརྒྱུད་ནང་བསྟན་དགོན་པ་དང་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།

    གསང་བདག་ལ་བྱིས་པ4ཡོད་ལ། དེའི་ནང་བུ་མོ་གཅིག་དང་བུ་གཅིག་གིས་ཁོའི་རྗེས་དེད་དེ་ཐང་ག་འབྲི་སྦྱོང་བྱེད་བཞིན་ཡོད། བུ་སངས་རྒྱས་མཁར་ལོ21ལ་སོན་ཞིང་། ཐང་ག་བྲིས་ནས་ལོ5ལྷག་འགོར་ཡོད། ཨ་ཅེ་རྡོ་རྗེ་སྒྲོལ་མས་ཐང་ག་འབྲི་སྦྱོང་བྱས་ཏེ་ལོ10ལྷག་འགོ་ཞིང་། ད་ལྟ་མོས་སྒེར་ཚུགས་ཀྱིས་ཚོན་རྩི་སྡེབ་སྦྱོར་དང་སྐྱ་ཐིག་འབེབས་པ། ཚོན་གཏོང་བ་སོགས་ཐང་གའི་བཟོ་རྩལ་སྣ་ཚོགས་བྱང་ཆུད་ཡོད་པས། བོད་ཁུལ་དུ་ཆེས་ཉུང་བའི་བུད་མེད་ཐང་ག་མཁན་པོའི་གྲས་སུ་ཚུད་ཡོད།

    ཉེ་བའི་ལོ་འགའི་རིང་། བོད་རིགས་ཀྱི་རིག་གནས་རྒྱ་ཆེར་དྲིལ་སྒྲོག་བྱས་པ་དེས་གསང་བདག་གི་ཐང་ག་མངགས་ཉོ་བྱེད་པ་ཧ་ཅང་བྲིན་ཆེ་བར་གྱུར་ལ། དཔལ་འབྱོར་ཡོང་སྒོ་ཡང་ཇེ་མང་དུ་སོང་ཡོད། འོན་ཀྱང་ཁོ་དང་ཁོའི་བུ་ཕྲུག་རྣམས་ཀྱིས་ཐང་གའི་སྒྱུ་རྩལ་གྱི་ཆུ་ཚད་སྔར་བས་ཇེ་གཏོང་བར་བརྩོན་ལེན་བྱེད་བཞིན་ཡོད། གསང་བདག་གིས་བཤད་རྒྱུར། ད་ལྟ་ཐང་གའི་རིན་གོང་ཇེ་མཐོར་སོང་ཡོད་ཀྱང་། ཧོལ་ལས་རགས་བཟོ་བྱེད་པ་དེས་སྒྱུ་རྩལ་འདི་དང་འདིའི་མཚན་སྙན་ལ་གཏོར་བརླག་ཐེབས་ངེས་ཡིན་ལ། ད་ལྟ་འཚོ་བར་དཀའ་ངལ་མེད་པས་ང་ཚོ་སྒྱུ་རྩལ་པ་འདི་དག་གིས་ཐང་ག་སྒྱུ་རྩལ་གྱི་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་འགན་འཁུར་ལ་མཐོང་ཆེན་བྱེད་དགོས།

    བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་འདིའི་ནང་། གསང་བདག་དང་ཁོའི་བུ་ཕྲུ་རྣམས་ཀྱིས་སྔར་བཞིན་གྲུབ་མེད་པའི་ཐང་ག་གཉིས་ལ་ཚོན་གཏོང་བཞིན་ཡོད་ལ། འགྲམ་དུ་ལོ3ལས་མེད་པའི་ཁོའི་ཚ་བོ་བསྟན་འཛིན་རྡོ་རྗེ་ཡིས་རང་ཉིད་ཀྱི་འབྲི་པང་སྟེང་བློ་སེམས་རྩེ་གཅིག་གིས་རི་མོ་འབྲི་བཞིན་ཡོད་པ་དང་། བློ་རིག་སྒྲིམ་ཚད་དེ་ཁོའི་ཨ་ཁུ་དང་ཨ་མ་ལས་ཆེ་ཞིང་། མ་འོངས་བའི་སྒྱུ་རྩལ་མཁན་པོ་ཞིག་ཐང་གའི་ཁྱིམ་ཚང་འདི་ནང་བདེ་སྐྱིད་ཀྱིས་འཚར་ལོངས་འབྱུང་བཞིན་ཡོད། །

  • ལེ་ཚན་སྔོན་མ།:ཧུའུ་ཁྲང་ཧྲེང་གིས་རང་ཁུལ་གྱི་སྐབས་བཅུ་དྲུག་པའི་ཆོས་ལུགས་མི་སྣའི་གསོ་སྦྱོང་འཛིན་གྲྭའི་ཐོག་ཆེད་དོན་འཆད
  • ལེ་ཚན་རྗེས་མ།:རྒྱ་ཚྭའི་རི་སྟེང་གི་དཔའ་བོའི་རྣམ་ཤེས།
  • དོ་སྣང་ཆེ་བའི་རྩོམ།