རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཞིན་ཧྭ་དྲ་བ། 2012-09-21
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས16ཉིན། ཨོ་གླིང་ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་སྤེལ་ཚོགས་པས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་རོགས་སྒྲུབ་བྱས་པའི་ལིང་ཏོག་ནད་རིགས་རིན་མེད་གསོ་བཅོས་བྱ་འགུལ་དེ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས་གཟབ་རྒྱས་ངང་སྤེལ། མཚོ་སྔོན་ཞིང་ཆེན་དབུལ་ཕོངས་རི་ཁུལ་གྱི་ལིང་ཏོག་ནད་པ་མི250ལ་གསོ་བཅོས་ཐོབ།
མཚོ་སྔོན་ནི་འཕེལ་རྒྱས་སུ་ཕྱིན་མེད་པའི་མི་རིགས་མང་བའི་འདུས་སྡོད་ས་ཁུལ་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད་པ་དང་། རང་བྱུང་ཆ་རྐྱེན་ཀྱང་ཤིན་ཏུ་ཐབས་ཆག་ཡིན་ཞིང་། མཐོ་གྲང་དང་དབུགས་རླུང་ཞན་ལ་སྨུག་ཕྱིའི་འོད་ཟེར་ཆེ་བས་ལིང་ཏོག་ནད་ཀྱིས་ལོང་བར་འགྱུར་ཚད་ས་ཁུལ་གཞན་ལས་ཚབས་ཆེ། དམིགས་བསལ་གྱིས་ནད་རིགས་འབྱུང་རྐྱེན་དང་ནད་བཅོས་ཀྱི་སྨན་རིན་མཐོ་བའི་དབང་གིས་མཚོ་སྔོན་ཞིང་ཆེན་རོང་འབྲོག་ས་ཁུལ་གྱི་ལིང་ཏོག་ནད་པ་མང་པོར་དུས་ལྟར་ནད་བཅོས་བྱེད་ཐུབ་མེད། ནད་པ་འདི་དག་དུས་ཡུན་རིང་བོར་ལོང་བར་གྱུར་ཡོད་པས་འཚོ་བར་དཀའ་ཁག་ཆེ་ལ། བསམ་བློ་ལའང་ཤུགས་རྐྱེན་ཐེབས་ནས་ནད་པ་དང་ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ཁག་དང་སེམས་ཁམས་ལ་གནོན་ཤུགས་ཆེས་ཆེར་ཐེབས་ཡོད། དེ་བས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཐེངས་མང་པོར་བལ་བོ་དང་ཨོ་གླིང་སོགས་རྒྱལ་ཁབ་མང་པོའི་མིག་ནད་ཆེད་མཁས་པ་གདན་ཞུ་བྱས་ཏེ་ལིང་ཏོག་ནད་སྨན་བཅོས་བྱ་འགུལ་རྩ་འཛུགས་བྱས་ཤིང་། ནད་པ1000ལྷག་ལ་གསོ་བཅོས་བྱས་ཡོད། ཐེངས་འདིར་དབུལ་ཕོངས་རི་ཁུལ་གྱི་ལིང་ཏོག་ནད་པ250ལ་རིན་མེད་སྒོས་བཤག་བཅོས་ལག་བསྟར་བྱས།
བྱ་འགུལ་འདི་བདེ་བླག་ངང་སྤེལ་བ་དང་བསྟུན། མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་མང་ཚོགས་ཀྱི་བདེ་ཐང་གནས་ཚུལ་སྔར་བས་ལེགས་བཅོས་ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ནད་པའི་བདེ་ཐང་ཆུ་ཚད་སྔར་བས་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་དབུལ་ཕོངས་ལིང་ཏོག་ནད་པར་མ་འོངས་པའི་རེ་བ་དང་སླར་ཡང་འོད་སྣང་མཐོང་བའི་གོ་སྐབས་ཞིག་སྤྲད་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10