མཚོ་སྔོན་པོ་དྲ་བ། 2012-09-19
མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གླེང་སྟེགས་ཟི་ལིང་དུ་བསྡུས་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་མཐུན་ཚོགས་དང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གླེང་སྟེགས་ཟི་ལིང་དུ་བསྡུས་ཤིང་། རྒྱལ་ཁབ་མི་རིགས་སྐད་ཡིག་ཡིག་ལོ་ཙཱ་ཅུའི་འགོ་གཙོ་གཞོན་པ་ལི་ཝན་ཡུན་དང་། རྒྱལ་ཁབ་གནའ་དཔེ་གཞུང་ལས་ཁང་གི་འགོ་གཙོ་གཞོན་པ་ལི་ཤོའོ་ཏུང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ངག་དབང་དཔལ་ལྡན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཕུར་བ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་གཞོན་པ་དགེ་བསྙེན། སྔར་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འགོ་གཙོ་སྐལ་བཟང་རྡོ་རྗེ། ཁུལ་དྲུག་དང་མཚོ་ཤར་ས་ཁུལ་གྱི་མི་རིགས་སྐད་ཡིག་སྡེ་ཁག་སོགས་ཀྱི་ཚབ་བྱེད་མི་སྣ70ལྷག་ཐེངས་འདིའི་གླེང་སྟེགས་སུ་ཞུགས། ཐེངས་འདིའི་གླེང་སྟེགས་ནི་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་མཐུན་ཚོགས་ཀྱི་འགོ་གཙོ་གཞོན་པ་གཅོད་པ་དོན་འགྲུབ་ཀྱིས་མདོ་འཛིན་མཛད་ལ། “ལོ་ཙཱའི་བརྟག་ཐབས་སྨྲ་བ”བརྗོད་དོན་དུ་བཟུང་བ་དང་། “བར་སྟོང་ཕྱིར་འབྱེད”ཀྱི་རྣམ་པས་རང་དབང་བགྲོ་གླེང་བྱས།
ཚོགས་ཡུལ་དངོས།
ཚོགས་ཐོག་ཏུ། མཚོ་སྔོན་ཚགས་པར་ཁང་གི་འགོ་གཙོ་གཞོན་པའམ་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་མཐུན་ཚོགས་ཀྱི་འགོ་གཙོ་དགེ་བསྙེན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཏིན་པང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཕུར་བ་རྣམས་ཀྱིས་གཏམ་བཤད་གལ་ཆེན་གནང་བ་སྟེ། ཁོ་ཚོས་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་མིག་སྔའི་གནས་སྟངས་དང་གཟེངས་སུ་ཐོན་པའི་གྲུབ་འབྲས། ལོ་ཙཱའི་རུ་ཁག་འཛུགས་སྐྲུན། དེ་མིན་ལོ་ཙཱ་བྱ་བས་མི་རིགས་རིག་གནས་ཀྱི་ཕུན་ཚོགས་འཕེལ་རྒྱས་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དྲིག་སྒྲོག་སོགས་ལ་ཐོན་པའི་ནུས་པའི་ཐད་ནས་རྒྱས་བཤད་གནང་བ་མ་ཟད། རྗེས་ཕྱོགས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་འཕེལ་རྒྱས་ལ་རེ་བཞག་ཆེན་པོ་བཅངས། དེའི་མཚུངས་སུ་ཚོགས་ཞུགས་པ་རྣམས་ཀྱིས“བར་སྟོང་ཕྱིར་འབྱེད”ཀྱི་རྣམ་པས་གླེང་སྟེགས་ཀྱི་བརྗོད་དོན་གཞིར་བཟུང་སྟེ་རང་དབང་གླེང་མོལ་དང་སོ་སོའི་འདོད་བློ་བརྗོད་དེ་སྤྲོ་སེམས་འཁོལ་བའི་གླེང་སྟེགས་ཀྱི་ཁ་དབུགས་ཤིག་བསྐྱེད་བྱུང་།
ཚོགས་ཞུགས་པ་རྣམས་ལྷན་དུ་པར་བསྐྱོན་པ།
ཐེངས་འདིའི་གླེང་སྟེགས་སུ་བསྡོམས་པས་དཔྱད་རྩོམ21འབྱོར་བ་དང་། དཔྱད་འདེམ་ཨུ་ཡོན་རྣམས་ཀྱིས་ཞིབ་བཤེར་ལེགས་འདེམ་བྱས་པར་བརྒྱུད། མཐར་བྱ་དགའ་ཨང་དང་པོ1དང་། ཨང་གཉིས་པ2། ཨང་གསུམ་པ3བཅས་བདམས་ཐོན་བྱུང་སྟེ་ཡུལ་དངོས་སུ་བྱ་དགའ་གནང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10