དོན་གྲུབ་ཚེ་རིང་། བོང་སྟག་རི་ལུ། མཚོ་སྔོན་པོ་དྲ་བ། 2012-09-17
ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གཙོ་ཚེ་རིང་ཉི་མ་ཡིས་ལུས་རྩལ་འགྲན་ཚོགས་ལ་མདོ་འཛིན་གནང་བ།
ཉེ་ཆར། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་ལུས་རྩལ་འགྲན་ཚོགས་པོས་སྐབས་བཞི་བ་བསྡུས་པ་དང་། མཛད་སྒོའི་སྟེང་རྫོང་འབྲེལ་ཡོད་སྡེ་ཁག་གི་མི་སྣ་གཙོས་པའི་དགེ་སློབ་ཆིག་སྟོང་ལྷག་འདུས་ནས་ལུས་རྩལ་འགྲན་ཚོགས་དེ་སློབ་རའི་ལུས་རྩལ་ར་བ་ནས་བསྡུས་ཤིང་། ཐོག་མར་ལུས་རྩལ་བའི་འཐུས་ཚབ་ཀྱི་སྡེ་དང་། དར་ཚོན་སྣ་ལྔའི་རུ་ཁག ཤོམ་ལྭའི་རུ་ཁག ཤན་འབྱེད་པའི་རུ་ཁག་སོགས་རིམ་བཞིན་ལུས་རྩལ་ར་བ་རུ་བསྐྱོད་ནས་གཟི་བརྗིད་ལྡན་པའི་རྒྱལ་གླུའི་འགྲོས་དང་བསྟུན་ནས་ལུས་རྩལ་འགྲན་ཚོགས་དངོས་སུ་འགོ་བརྩམས་པ་རེད།
ཉེ་བའི་ལོ་འདི་གའི་རིང་ལ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོས་རྫོང་སྲིད་གཞུང་དང་སློབ་གསོ་སྡེ་ཁག་སོགས་འབྲེལ་ཡོད་ལས་ཁུངས་དག་གི་ཐུགས་ཁུར་འོག སློབ་གྲྭའི་ཕྱོགས་ཡོངས་འཕེལ་རྒྱས་སུ་འགྲོ་བཞིན་པ་དང་། བདེ་ཐང་གི་ལུས་པོ་ནི་བྱ་བ་ཀུན་གྱི་རྨང་གཞི་ཡིན་པ་གཞིར་བྱས་ཐོག ལོ་འདི་གའི་རིང་ལ་སྔ་ཕྱིར་ཐེམ་ཆེན་མི་རིགས་སློབ་འབྲིང་གིས་སྐབས་དང་པོ་དང་། གཉིས་པ། གསུམ་པ། བཞི་བ་སོགས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་བྱ་འགུལ་རིམ་བཞིན་སྤེལ་ལ། སྐབས་རེ་རེ་ཡི་ལུས་རྩལ་འགྲན་ཚོགས་དེ་བརྒྱུད་ནས་དགེ་རྒན་དང་དགེ་རྒན་གྱི་བར། འཛིན་གྲྭ་དང་འཛིན་གྲྭའི་བར། སློབ་གྲོགས་དང་སློབ་གྲོགས་བར་ལ་མཛའ་བརྩེ་དང་འཕེལ་རྒྱས་ཀྱི་གར་སྟེགས་བཟང་བོ་ཞིག་བསྐྲུན་ཡོད།
འགྲན་ཚོགས་སྟེང་སྙན་གླུ་འབུལ་བཞིན་པ།
གར་གྱི་སྟངས་སྟབས་བསྒྱུར་བཞིན་པ།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནི་དུས་ཚོད་ཆེས་རིང་བ་དང་། འགྲན་ཞུགས་མི་གྲངས་ཆེས་མང་བ། གཞི་རྒྱ་ཆེས་ཆེ་བའི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། འགྲན་ཞུགས་ཀྱི་འཛིན་གྲྭ་ཉེར་བཞི་དང་། འགྲན་ཞུགས་ལུས་རྩལ་པ་དགུ་བརྒྱ་ལྷག་འདུས་ཡོད་ལ། འགྲན་རྩོད་ཀྱི་རྣམས་གྲངས་ལྔ་བཅུ་ལྷག་ཡོད་ཅིང་། འགྲན་ཞུགས་ལུས་རྩལ་པ་རྣམས་ཀྱིས་མཛའ་བརྩེ་དང་མཐུན་སྒྲིལ། འཕེལ་རྒྱས་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ་ལུས་རྩལ་འགྲན་ཚོགས་འདིར་ཞུགས་པས། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་སློབ་ར་ཡོངས་ལ་མཐུན་སྒྲིལ་དང་འཆམ་མཐུན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10